པུའུ་ལི་ཆི་ཏོན་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཧྥེ་རི་ཁ་གླིང་དང་ཅཱ་ལེ་པུས་མཚོ་ཁོངས་ས་ཁུལ་གྱི་རྒྱལ་ཁབ་མང་བོའི་འཐུས་མིས་ཉེ་སྔོན་པཱ་པཱ་ཏའོ་སིའི་རྒྱལ་ས་པུའུ་ལི་ཆི་ཏོན་ནས་གྲོས་ཚོགས་བསྡུས་ཏེ། སྔོན་ཆད་ཀྱི་མི་སེར་སྤེལ་ཡུལ་རྒྱལ་ཁབ་དག་གིས་བྲན་གཡོག་ལྐོག་འཚོང་བྱས་པ་དང་བྲན་གཡོག་ལམ་ལུགས་ཀྱིས་དེང་སྐབས་སྤྱི་ཚོགས་ལ་བཟོས་པའི་ཤུགས་རྐྱེན་ཐད་ནས་སྐྱིན་ཚབ་སྟེར་དགོས་པའི་འབོད་སྐུལ་བཏང་།
བསྒྲགས་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་བཞི་ཡིན་པ་དང་། ཚེས་ཉེར་བདུན་ཉིན་གྲོལ་བ་རེད། པཱ་པཱ་ཏའོ་སིའི་སྲིད་གཞུང་གིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ལས་འཛིན་ལྷན་ཚོགས་དང་། ཅཱ་ལེ་པུས་ས་ཁུལ་རང་སྐྱོང་རང་བཞིན་ཅན་གྱི་ས་ཁོངས་ཀྱི་སློབ་ཆེན་ཧིན་རྡུ་གླིང་ཚོམས་ནུབ་མའི་སློབ་ཆེན་སོགས་ཀྱིས་མཉམ་དུ་སྔོན་ཆད་ཀྱི་མི་སེར་སྤེལ་ཡུལ་རྒྱལ་ཁབ་དག་གིས་ལོ་རྒྱུས་ཀྱི་ཉེས་སྤྱོད་ལ་སྐྱིན་ཚབ་སྤྲོད་དགོས་པའི་འབོད་སྐུལ་བཏང་།
ཅཱ་ལེ་པུས་ཐུན་མོང་ཚོགས་པའི་སྐྱིན་ཚབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཧིན་རྡུ་གླིང་ཚོམས་ནུབ་མའི་སློབ་ཆེན་གྱི་སློབ་གཙོ་གཞོན་པ་པུས་ཁི་ཨར་སི་ཡིས་ཚེས་ཉེར་བདུན་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དེ་ནི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་ཡིན་པ་དང་། མིའི་རིགས་ཀྱིས་མུ་མཐུད་དུ་མི་སེར་སྤེལ་བའི་རིང་ལུགས་ཀྱི་གནོད་པ་དང་ཐེ་གཏོགས་མྱོང་མི་རུང་། ང་ཚོས་ངེས་པར་དུ་རྙོག་འཛིང་གི་དོན་དེ་ཐག་གཅོད་གསལ་བོ་བྱས་ནས་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་དུ་འཇུག་དགོས་ཟེར།
ཨ་ཧྥེ་རི་ཁ་གླིང་གི་དཔོན་རིགས་མན་ཏུའུ་ཧཱ་ཡིས་བཤད་རྒྱུར། བྲན་གཡོག་ལམ་ལུགས་དང་མི་སེར་སྤེལ་བའི་རིང་ལུགས། རིགས་རྒྱུད་རིང་ལུགས་བཅས་ཇི་ལྟར་མཉམ་དུ་འདྲེས་ནས་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་མི་ནག་གི་འཚོ་བར་གནོད་པ་ཐེབས་པར་ངོས་འཛིན་བྱེད་པ་དེ་གལ་འགངས་ཧ་ཅང་ཆེ་ཟེར།
ཧིན་རྡུ་གླིང་ཚོམས་ནུབ་མའི་སློབ་ཆེན་གྱི་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཐེངས་འདིའི་གསར་འབྱེད་རང་བཞིན་གྱི་གྲོས་ཚོགས་ཀྱི་གྲུབ་འབྲས་ལ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཅཱ་ལེ་པུས་ཐུན་མོང་ཚོགས་པའི་མཉམ་ལས་ལམ་ཐིག་རི་མོའི་གྲོས་གཞི་ཞིག་འདུས་པ་དང་། དེ་ལས་གླིང་ཆེན་བར་གྱི་ལས་འགུལ་མགོ་བརྩམས་པའི་མཚོན་རྟགས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།