ཁྲའོ་ཞན་གྱིས་ཚེས་ཉེར་བདུན་ཉིན་དམག་གཟིགས་མཛད་སྒོ་སོགས་བྱ་འགུལ་ཆེ་གྲས་སྤེལ་ནས། མེས་རྒྱལ་བཅིངས་འགྲོལ་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བདུན་ཅུ་འགོར་བར་རྗེས་དྲན་བྱས།
ཁྲའོ་ཞན་གྱིས་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་རྒྱལ་ས་ཕེན་རང་གི་ཅིན་རི་ཁྲིན་ཐང་ཆེན་ནས་དམག་གཟིགས་མཛད་སྒོ་སྤེལ། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་མཛད་སྒོར་ཞུགས།
ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དམག་གཟིགས་མཛད་སྒོའི་སྟེང་བྱས་རྗེས་ཅན་གྱི་དམག་དཔུང་སོགས་སྔོན་ལ་ཚོགས་རར་ཞུགས་པ་དང་། དམག་རིགས་སྣ་ཚོགས་ཀྱི་དམག་དཔུང་དང་དམག་དོན་སློབ་གླིང་སོགས་གྲལ་བསྒྲིགས་ནས་རིམ་པ་བཞིན་དུ་དམག་གཟིགས་ཞིབ་བཤེར་དང་ལེན་བྱས། ཁྲའོ་ཞན་མི་དམངས་དམག་དཔུང་མཁའ་དམག་གིས་གནམ་གྲུའི་འཕུར་རྩལ་ངོམས། ཟུར་ལྔའི་སྐར་མའི་དབྱིབས་རིས་དང་ཨང་གྲངས་བདུན་ཅུ་སོགས་ཀྱི་རིགས་སུ་འཕུར་སྐྱོད་བྱས་ཏེ་ཐང་ཆེན་གྱི་བར་སྣང་བརྒྱུད། ཁྲའོ་ཞན་གྱིས་གསར་དུ་ཞིབ་འཇུག་གསར་སྤེལ་བྱས་ཤིང་མི་དམངས་དམག་དཔུང་མཁའ་དམག་ལ་སྒྲིག་སྦྱོར་བྱས་པའི་མི་བསྡད་མེད་པའི་མྱུལ་ཞིབ་གནམ་གྲུ་དང་མི་བསྡད་མེད་པའི་དཔུང་འཇུག་གནམ་གྲུའང་ཐང་ཆེན་གྱི་བར་སྣང་དུ་འཕུར་སྐྱོད་བྱས།
བསྒྲགས་པ་ལྟར་ན། འཕྲུལ་ཆས་ཅན་གྱི་རུ་དཔུང་དང་གཙོ་འཐབ་ཐན་ཁིའི་རུ་དཔུང་། མེ་སྒྱོགས་རུ་དཔུང་། འཐབ་རྩལ་འཕུར་མདའི་རུ་དཔུང་། རྒྱང་འཕེན་རྗེས་འདེད་འཕུར་མདའི་རུ་དཔུང་། འཐབ་ཇུས་མཚོན་ཆའི་རུ་དཔུང་སོགས་ཀྱིས་སྔ་གཞུག་ཏུ་ཞིབ་བཤེར་དང་ལེན་བྱས།
ཁྲའོ་ཞན་གྱིས་ཚེས་ཉེར་བདུན་ཉིན་ད་རུང་ཕེན་རང་ནས་སྙན་ཞུའི་ཚོགས་ཆེན་དང་གཞི་རྒྱ་ཆེ་བའི་རིག་རྩལ་འཁྲབ་སྟོན་སོགས་རྗེས་དྲན་གྱི་དགའ་སྟོན་བྱ་འགུལ་སྤེལ་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།