ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ནེ་ཀྲིར་དམག་ཕྱོགས་ཀྱིས་ཉིན་བཅོ་ལྔའི་ནང་རྩ་ཁྲིམས་སྲིད་གཞུང་སླར་གསོ་བྱེད་དགོས་པའི་རེ་བ་བཏོན།
2023.07.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཞི་བདེ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་དགུའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ནེ་ཀྲིར་དམག་དོན་མི་སྣ་དག་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཕྱིར་དམག་སྒར་དུ་ལོག་དགོས་པ་དང་། ཉིན་བཅོ་ལྔའི་ནང་རྩ་ཁྲིམས་སྲིད་གཞུང་སླར་གསོ་བྱེད་དགོས་པའི་རེ་བ་བཏོན།

སྤྱི་སྒྲོག་ལས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ནེ་ཀྲིར་གྱི་ཙུང་ཐུང་པཱ་ཙུའུ་མུའུ་དང་བཀག་འཇུག་བྱས་པའི་མི་སྣ་གཞན་པ་ཕྱིར་གཏོང་དགོས་པའི་རེ་བ་བཏོན་པར་མ་ཟད། འགྲོ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱས་ནས་ཁོ་ཚོའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན། སྤྱི་སྒྲོག་ལས་བཤད་རྒྱུར། གལ་ཏེ་བཀག་འཇུག་བྱས་པའི་མི་སྣའི་ཁེ་དབང་ལ་བརྩི་འཇོག་མ་ཐོབ་ན། ལས་འཛིན་ལྷན་ཚོགས་ཀྱིས་དགོས་ངེས་ཀྱི་འགུལ་སྐྱོད་སྤེལ་ནས། དོན་རྐྱེན་བཟོ་མཁན་ལ་ཆད་གཅོད་རང་བཞིན་གྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་།

ཚེས་ཉེར་དྲུག་ཉིན་ནེ་ཀྲིར་གྱི་ཙུང་ཐུང་ཉེན་སྲུང་རུ་ཁག་གི་དམག་མི་སྐོར་ཞིག་གིས་པཱ་ཙུའུ་མུའུ་བཀག་འཇུག་བྱས། ཉིན་དེའི་དགོང་མོར་སྲིད་འགྱུར་དམག་མིའི་འཐུས་མིས་ནེ་ཀྲིར་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་མེས་རྒྱལ་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། པཱ་ཙུའུ་མུའུ་ཡི་ཙུང་ཐུང་ལས་འགན་བླངས་ནས། དམག་སྲིད་དབང་འཛིན་གྱིས་རྒྱལ་ཁབ་ལས་དོན་ལ་དོ་དམ་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

དོན་རྐྱེན་བྱུང་རྗེས། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ། ཨ་ཧྥེ་རི་ཁ་ནུབ་མའི་ཐུན་མོང་ཚོགས་པ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་དག་གིས་ནེ་ཀྲིར་གྱི་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་སྤེལ་ནས། ནེ་ཀྲིར་གྱི་སྲིད་འགྱུར་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་པཱ་ཙུའུ་མུའུ་ཕྱིར་གཏོང་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།