ཕཱ་ཁི་སི་ཐན་རྒྱལ་ཁབ་གནོད་འཚེ་དོ་དམ་ཅུའུ་ཡིས་ཚེས་ཉེར་དགུ་ཉིན་སྙན་ཞུ་སྤེལ་ཏེ་བཤད་རྒྱུར། ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་གྱི་ཚུན་ལ། ཆར་བ་དྲག་པོ་བབས་པ་ལས་བྱུང་བའི་ཆུ་ལོག་གིས་ཕཱ་ཁི་སི་ཐན་དུ་ཉུང་མཐར་ཡང་མི་བརྒྱ་དང་དོན་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱ་དང་དྲུག་ཅུར་རྨས་ཕོག་ཡོད་ཟེར།
སྙན་ཞུ་ལས་བཤད་རྒྱུར། ཤར་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་ནི་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ས་ཁུལ་ཡིན་ཞིང་། ཆར་བ་དྲག་པོ་ལས་བྱུང་བའི་ཆུ་ལོག་གི་གནོད་འཚེ་ལས་ཞིང་ཆེན་དེར་ཉུང་མཐར་ཡང་མི་རེ་བདུན་རྐྱེན་ལམ་དུ་ཤོར་ཡོད། ཕཱ་ཁི་སི་ཐན་རྒྱལ་ཡོངས་སུ་ཉུང་མཐར་ཡང་གནས་སྟོང་གཅིག་དང་བཞི་བརྒྱ་གྱ་ལྔ་ནས་ཁང་བ་ཆུས་བསྣུབས་ནས་གཏོར་བརླག་ཐེབས་ཡོད་པ་དང་། སྒོ་ཕྱུགས་བཞི་བརྒྱ་དང་དོན་ལྔའི་གྱོང་གུད་བྱུང་ཡོད། བྱང་ཕྱོགས་དང་ནུབ་བྱང་ས་ཁུལ་གྱི་གཞུང་ལམ་མང་བོ་དྲག་ཆར་ལས་བྱུང་བའི་ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གཏོར་བརླག་ཐེབས་ཡོད་ཟེར།
ཕཱ་ཁི་སི་ཐན་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་བཤད་རྒྱུར། ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་དུ་མ་འོངས་པའི་ཉིན་གཉིས་ནང་དྲག་ཆར་འབབ་པའི་གནམ་གཤིས་ཡོད་པས། འབྲེལ་ཡོད་སྡེ་ཁག་གིས་ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་ཉེན་ཁར་དོ་སྣང་བྱེད་དགོས་ཟེར།
མིག་སྔར་ཕཱ་ཁི་སི་ཐན་སྲིད་གཞུང་དང་ཁེ་སྤོགས་ཅན་མིན་པའི་རྩ་འཛུགས། དང་བླངས་པ་སོགས་ཀྱིས་གནོད་ཐེབས་ས་ཁུལ་དུ་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།