ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དགུའི་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་གནད་འཁེལ་མཚོན་ཆ་བཀོལ་ནས་ཝུའུ་ཁི་ལན་ཤར་ལྷོའི་ཕྱོགས་ཀྱི་ཝུའུ་ཁི་ལན་དམག་དཔུང་གི་བཀོད་འདོམ་ཁང་ག་གེ་མོར་ཆམ་ཕབ་བཏང་། ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་ཉེར་དགུའི་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཉིན་དེར་པཱ་ཧི་མུའུ་ཐི་ཉེ་འཁོར་གྱི་གཡུལ་སར་རྟོག་ཞིབ་བྱས་པ་རེད།
ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཙེ་ལེན་སི་ཅི་ཡིས་ཚེས་ཉེར་དགུ་ཉིན་པཱ་ཧི་མུའུ་ཐི་ཉེ་འཁོར་གྱི་གཡུལ་སར་རྟོག་ཞིབ་བྱས་ཏེ། གཡུལ་སའི་བཀོད་འདོམ་དཔོན་པོའི་འཐབ་རའི་གནས་བབ་དང་འཐབ་འཁྲུག་ལས་འགན་ལག་བསྟར་བྱས་པའི་གནས་ཚུལ། མཚོན་ཆ་དང་སྒྲིག་ཆས་ཀྱི་དགོས་མཁོ་བཅས་སྐོར་གྱི་སྙན་ཞུར་ཉན། ཙེ་ལེན་སི་ཅི་ཡིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་དྲ་སྟེང་དུ་རྩོམ་ཡིག་སྤེལ་ནས་ཉིན་དེའི་དགོང་མོར་ཝུའུ་ཁི་ལན་ཤར་ལྷོའི་ཕྱོགས་ཀྱི་ཏིས་ཉི་པའོ་ལོ་པུས་ཏི་ལོ་ཧྥུའུ་སི་ཁི་མངའ་སྡེའི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡི་ཐོག་ཁང་ཆེན་མོར་ཨུ་རུ་སིའི་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་མྱུར་མོར་བྱེད་ཐབས་སྤྱད་དེ་གནས་བབ་ལ་ཚོད་འཛིན་བྱས་ཡོད་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་ཉེར་དགུའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་དམག་དཔུང་གིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་གནད་འཁེལ་མཚོན་ཆ་བེད་སྤྱད་ནས་ཝུའུ་ཁི་ལན་གྱི་དྲག་ཆས་སྟོབས་ཤུགས་ཀྱི་ཏིས་ཉི་པའོ་ལོ་པུས་ཏི་ལོ་ཧྥུའུ་སི་ཁི་གྲོང་ཁྱེར་གྱི་བཀོད་འདོམ་ཁང་ག་གེ་མོར་ཆམ་ཕབ་བཏང་ཟེར། དེ་ལས་གཞན་འདས་པའི་ཉིན་གཅིག་གི་རིང་ལ། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཏོན་ནེ་ཚི་ཁི་དང་ཏོན་ནེ་ཚི་ཁི་ལྷོ་མ། ཧོང་ལེ་མན་སོགས་ས་ཁུལ་ནས་མུ་མཐུད་དུ་དཔུང་འཇུག་བྱེད་རྩིས་བྱས་ཀྱང་ཨུ་རུ་སིའི་དམག་དཔུང་གིས་དེ་ཚང་མ་མཐར་སྐྲོད་བཏང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།