ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཞི་ཏོན་གྲོང་ཁྱེར་ཉེ་འདབས་ཀྱི་ཨེ་ཡུན་ཧཱ་ལེ་ཝ་ཕཱ་ལེ་སི་ཐན་ཡུལ་གྱར་བའི་སྒར་ས་ནས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་དྲག་ཆས་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་མི་སུམ་ཅུ་ལྷག་ལ་རྨས་ཕོག་ཟེར།
བསྒྲགས་པ་ལྟར་ན། འཁྲུག་རྩོད་ལས་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་ཧྥ་ཐཱ་ཧི་ཡི་བཀོད་འདོམ་པ་གཅིག་དང་དེའི་ལས་རོགས་པ་བཞི་བསད་པ་དང་། ཕྱོགས་ཁག་གཞན་པའི་དྲག་ཆས་མི་སྣ་གཅིག་རྐྱེན་ལམ་དུ་ཤོར།
ཡུལ་གྱར་བའི་སྒར་སའི་ཕྱི་རོལ་གྱི་ཁང་བ་སྐོར་ཞིག་ལ་མདའ་འཆའ་ཕོག་ཡོད་པ་དང་། སྒྱོགས་མདེལ་ཅིག་ཉེ་འདབས་ཀྱི་ལེ་པཱ་ནུན་གྱི་སོ་ལྟ་ཁང་ཞིག་ཏུ་ལྷུང་ནས་དམག་མི་གཅིག་ལ་རྨས་ཕོག་ཡོད། འཁྲུག་རྩོད་དེ་ལས་ཡུལ་གྱར་བའི་སྒར་ས་དང་ཞི་ཏོན་གྲོང་ཁྱེར་དུ་འཇིགས་དངངས་བཟོས་ཡོད་པ་དང་། ཡུལ་གྱར་བ་སྐོར་ཞིག་སྒར་ས་ལས་བྲོས་བྱོལ་བྱས་ཡོད་པར་མ་ཟད། ཞི་ཏོན་གྲོང་ཁྱེར་གྱི་ཚོང་ཁང་མང་བོས་སྒོ་བརྒྱབ་ནས་ཉེན་ཡོལ་བྱས་ཡོད།
ལེ་པཱ་ནུན་གྱི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་མུས་ཁཱ་ཐིས་ཀྱིས་ཚེས་སུམ་ཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་པས་ཡུལ་གྱར་བའི་སྒར་སའི་བདེ་འཇགས་སླར་གསོ་བྱེད་པར་རོགས་རམ་བྱེད་དགོས་པ་དང་། དོན་རྐྱེན་བཟོ་མཁན་ལེ་པཱ་ནུན་ཕྱོགས་ལ་སྤྲད་ནས་ཁྲིམས་ལྟར་ཐག་གཅོད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་སོ་སོས་ལེ་པཱ་ནུན་གྱི་བདག་དབང་དང་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།