ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་སྲིད་ཏང་གི་འདུ་ཚོགས་ཤིག་གི་སྟེང་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་སོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱར་རྨས་ཕོག་ཡོད་ཟེར།
ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ལྟ་རྟོག་གཞུང་སྒྲུབ་ཁང་གི་དཔོན་རིགས་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་གོང་གི་གནས་ཚུལ་དེ་བདེན་དཔང་བྱས། ཕཱ་ཁི་སི་ཐན་དཔོན་ཕྱོགས་ཀྱི་བྲེལ་མྱུར་རྒུད་སྐྱོབ་རྩ་འཛུགས་ཀྱི་དཔོན་རིགས་ཀྱིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ཕཱ་ཁི་སི་ཐན་གྱི་སྲིད་ཏང་དབྱེ་སི་ལན་མཁས་པའི་ཚོགས་པས་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་པཱ་ཅོ་ཨར་ས་ཁུལ་ནས་རྩ་འཛུགས་བྱས་པའི་འདུ་ཚོགས་ཤིག་གི་སྟེང་བྱུང་བ་རེད། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། རྨས་མ་མང་ཆེ་བའི་རྨས་སྐྱོན་ཚབས་ཆེན་ཡིན་པས་ཚོད་དཔག་བྱས་ན་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།
མིག་སྔར་ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་དང་བདེ་འཇགས་དམག་དཔུང་གིས་དོན་རྐྱེན་བྱུང་སའི་ཡུལ་དངོས་བཀག་སྡོམ་བྱས་ནས་ཞིབ་བཤེར་བྱེད་བཞིན་ཡོད། མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འགས་གཏོར་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།