ཕཱ་ལེ་སི་ཐན་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོའི་གྲོས་ཚོགས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ཨེ་ཅིབ་བྱང་ཕྱོགས་ཀྱི་ས་དཀྱིལ་མཚོ་ཁོངས་ཀྱི་གྲོང་ཁྱེར་ཨ་ལཱ་མན་གསར་བ་ནས་བསྡུས། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་། ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་ཧྥ་ཐཱ་ཧིའི་ཀྲུའུ་ཞི་ཨ་པཱ་སི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད། གྲོས་མོལ་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས་ཕཱ་ལེ་སི་ཐན་ནང་ཁུལ་གྱི་མཐུན་སྒྲིལ་མངོན་འགྱུར་བྱེད་དགོས་པའི་གྲོས་གཞི་བཏོན།
ཨ་པཱ་སི་ཡིས་གྲོས་ཚོགས་ཀྱི་ཆེས་མཇུག་མཐའི་གསལ་སྒྲོག་ནང་བཤད་རྒྱུར། དེ་རིང་གི་གྲོས་ཚོགས་ནི་གྲོས་མོལ་ཡོངས་འགྲུབ་བྱེད་པའི་གོམ་པ་དང་པོ་ཡིན་ལ་གལ་འགངས་ཧ་ཅང་ཆེ་བས། གྲོས་མོལ་དེས་མྱུར་མོར་སྔོན་གྱི་དམིགས་འབེན་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན། ཨ་པཱ་སི་ཡིས་ཕཱ་ལེ་སི་ཐན་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོའི་འཐུས་མིས་གྲུབ་པའི་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས། ཕྱོགས་ཁག་སོ་སོས་ཚོགས་ཐོག་ནས་གྲོས་བསྡུར་བྱེད་པའི་གནད་དོན་ཐད་ནས་གྲོས་མོལ་བྱེད་དགོས་པའི་གྲོས་གཞི་བཏོན།
ཨ་པཱ་སི་ཡིས་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞེ་ཡིས་ཐེངས་འདིའི་གྲོས་ཚོགས་བསྡུ་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། དེའི་ཞོར་དུ་ཨར་ཅི་རི་ཡཱ་དང་ཅོར་ཏན། ཁཱ་ཐར། སོ་ཏི་ཨ་རབ། ཐུར་ཁེ། ཀྲུང་གོ། ཨུ་རུ་སི་བཅས་ཀྱིས་ཕཱ་ལེ་སི་ཐན་ནང་ཁུལ་གྱི་མཐུན་སྒྲིལ་མངོན་འགྱུར་བྱེད་པའི་ཐད་འབད་འབུངས་བྱས་པར་བཀའ་དྲིན་ཞུས།
བསོད་ནམས་ཚེ་རིང་གིས་བསྒྱུར།