ཨ་ཧྥེ་རི་ཁ་ནུབ་མ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་མགོ་ཁྲིད་པས་ནེ་ཀྲིར་གྱི་སྲིད་འགྱུར་དམག་མིས་གཟའ་འཁོར་གཅིག་གི་ནང་དབང་ཆ་ཕྱིར་སྤྲོད་དགོས་པའི་རེ་བ་བཏོན།
2023.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཨ་ཧྥེ་རི་ཁ་ནུབ་མ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་མགོ་ཁྲིད་པས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ནེ་ཀྲི་རི་ཡཱའི་རྒྱལ་ས་ཨ་པུའུ་ཅཱ་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ནེ་ཀྲིར་གྱི་སྲིད་འགྱུར་དམག་མིས་གཟའ་འཁོར་གཅིག་གི་ནང་བཀག་འཇུག་བྱས་པའི་ཙུང་ཐུང་པཱ་ཙུའུ་མུའུ་ཕྱིར་བཏང་ནས་དེའི་ཙུང་ཐུང་གི་འགན་དབང་སླར་གསོ་བྱེད་དགོས་པའི་རེ་བཏོན།

ཨ་ཧྥེ་རི་ཁ་ནུབ་མ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་མགོ་ཁྲིད་པས་གྲོས་ཚོགས་གྲོལ་རྗེས་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། ནེ་ཀྲིར་རྩ་ཁྲིམས་སྒྲིག་སྲོལ་རྩ་རྫོགས་བྱེད་པ་དང་ཁྲིམས་ལྟར་པཱ་ཙུའུ་མུའུ་དང་མི་སྣ་གཞན་པ་བཀག་འཇུག་བྱས་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། པཱ་ཙུའུ་མུའུ་ནི་སྔར་བཞིན་ཨ་ཧྥེ་རི་ཁ་ནུབ་མ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པ་དང་ཨ་ཧྥེ་རི་ཁ་རྒྱལ་ཁབ་མནའ་འབྲེལ། དེ་མིན་རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱིས་ཁས་ལེན་པའི་ནེ་ཀྲིར་གྱི་ཁྲིམས་མཐུན་མགོ་ཁྲིད་པ་ཡིན་ཟེར།

སྲིད་འགྱུར་ལ་ཞུགས་པའི་དམག་མིས་མྱུར་མོར་པཱ་ཙུའུ་མུའུ་ཕྱིར་བཏང་ནས་དེའི་ཙུང་ཐུང་འགན་དབང་སླར་གསོ་བྱས་ཏེ། ནེ་ཀྲིར་གྱི་རྩ་ཁྲིམས་སྒྲིག་སྲོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་ནན་གྱིས་བསྟན་དོན། འབྲེལ་ཡོད་རེ་བ་དེ་གཟའ་འཁོར་གཅིག་གི་ནང་བསྐང་མ་ཐུབ་ན། ཨ་ཧྥེ་རི་ཁ་ནུབ་མ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པས་དམག་དོན་ཐེ་གཏོགས་དང་བཅས་པའི་བྱེད་ཐབས་གང་རུང་སྤྱད་ནས། ནེ་ཀྲིར་གྱི་རྩ་ཁྲིམས་སྒྲིག་སྲོལ་སླར་གསོ་འབྱུང་བར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨ་ཧྥེ་རི་ཁ་ནུབ་མ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་མགོ་ཁྲིད་པས་མྱུར་མོར་ནེ་ཀྲིར་དང་སྲིད་འགྱུར་ལ་ཞུགས་པའི་དམག་མིར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པ་དང་། གཅིག་གྱུར་ཡིད་འཐད་བྱུང་ཚོང་དོན་གནམ་གྲུ་ནེ་ཀྲིར་དུ་འགྲོ་འོང་བྱེད་པར་གཏན་འགོག་བྱེད་པ། ཨ་ཧྥེ་རི་ཁ་ནུབ་མ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དང་ནེ་ཀྲིར་བར་གྱི་ཚོང་ལས་དང་དངུལ་ལོར་བྱ་འགུལ་མཚམས་འཇོག་པ། ནེ་ཀྲིར་སྲིད་གཞུང་དང་རྒྱལ་དབང་ཁེ་ལས་ཀྱི་ཨ་ཧྥེ་རི་ཁ་ནུབ་མ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཀྲུང་དབྱང་དངུལ་ཁང་དང་འབྲེལ་ཡོད་ཀྱི་ཚོང་ལས་དངུལ་ཁང་གི་རྒྱུ་ནོར་བཀག་ཉར་བྱེད་པ། སྲིད་འགྱུར་ལ་ཞུགས་པའི་དམག་མི་དང་འབྲེལ་ཡོད་མི་སྣས་གནས་སྐོར་ཚད་བཀག་གི་བཀའ་རྒྱ་ལག་བསྟར་བྱེད་རྒྱུ་མ་ཟད་ཁོ་ཚོས་རྒྱུ་ནོར་བཀག་ཉར་བྱེད་པ་སོགས་ལ་གཅིག་གྱུར་ཡིད་འཐད་བྱུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།