ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་ཧྲིན་པུས་ཏི་པའོ་ནས་བསྟན་དོན། ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ཞི་བའི་གྲོས་མོལ་མི་བྱེད་པའི་ཚུལ་བསྟན་མྱོང་མེད་ཟེར།
སྐབས་གཉིས་པའི་ཨུ་རུ་སི་དང་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་ཧྲིན་པུས་ཏི་པའོ་ནས་བསྡུས། ཕུའུ་ཅིན་གྱིས་ཚེས་དགུ་ཉིན་ཚོགས་འདུ་གྲོལ་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཝུའུ་ཁི་ལན་གྱིས་བཀའ་རྒྱ་བཏང་ནས་ཨུ་རུ་སིའི་བར་གྲོས་མོལ་བྱེད་པ་གཏན་འགོག་བྱས་ཡོད་ཀྱང་། ཨུ་རུ་སི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ཞི་བའི་གྲོས་མོལ་མི་བྱེད་པའི་ཚུལ་བསྟན་མྱོང་མེད་ལ། ངེས་པར་དུ་ཕྱོགས་གཉིས་ཀྱིས་བསམ་འཆར་གཅིག་གྱུར་བྱུང་ན་ད་གཟོད་གྲོས་མོལ་མགོ་བརྩམས་ཆོག་ཟེར།
ཕུའུ་ཅིན་གྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱིས་བཏོན་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཞི་བདེའི་ཇུས་གཞིར་གདེང་འཇོག་ཆེན་པོ་བྱས་པ་དང་། ཇུས་གཞི་དེ་ནི་གྲོགས་པོའི་ལངས་ཕྱོགས་བཟུང་ནས་བཏོན་པ་ཡིན་ལ། ལྷག་བསམ་རྣམ་དག་གིས་འཁྲུག་རྩོད་མཇུག་སྒྲིལ་བའི་བྱེད་ཐབས་དང་གནས་བབ་ཞི་འཇགས་སུ་གཏོང་བའི་གོ་སྐབས་འཚོལ་ཞིབ་བྱེད་པ་རེད། ཇུས་གཞི་དེས་ཕྱོགས་གཞན་པས་བཏོན་པའི་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་གྲོས་གཞི་དང་མཉམ་དུ་ཞི་བའི་གྲོས་མོལ་གྱི་རྨང་གཞི་གྲུབ་ཡོད་ཟེར།
ཕུའུ་ཅིན་གྱིས་ད་རུང་བསྟན་དོན། གྲོས་གཞི་དེ་དག་ཁྲོད་ཀྱི་ཁག་ཅིག་དངོས་འབེབས་བྱེད་བཞིན་ཡོད། དེའི་ནང་བཟུང་མིའི་བརྗེ་སྤོར་དང་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་པ་སོགས་འདུས།
བསོད་ནམས་ཚེ་རིང་གིས་བསྒྱུར།