ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞེ་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཨེ་ཅིབ་བྱང་ཕྱོགས་ཀྱི་ས་དཀྱིལ་མཚོ་ཁོངས་གྲོང་ཁྱེར་ཨ་ལཱ་མན་གསར་བ་ནས་བསྟན་དོན། ཕཱ་ལེ་སི་ཐན་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོས་གྲོས་ཚོགས་བསྡུས་ཏེ་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། མི་རིགས་མཐུན་སྒྲིལ་སླར་གསོ་བྱས་ནས་ཉིས་སྟོང་བདུན་ལོ་ནས་མགོ་བརྩམས་པའི་ཆབ་སྲིད་ཁ་བྲལ་མཇུག་སྒྲིལ་དུ་འཇུག་པར་དགའ་བསུ་ཞུས།
ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། སེ་ཞེ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་། ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་ཧྥ་ཐཱ་ཧིའི་ཀྲུའུ་ཞི་ཨ་པཱ་སི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཚེས་སུམ་ཅུ་ཉིན་ཨེ་ཅིབ་ནས་སྤེལ་བའི་ཕཱ་ལེ་སི་ཐན་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོའི་གྲོས་ཚོགས་ལ་གྲོས་བསྡུར་བྱས། ཨ་པཱ་སི་ཡིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ཀྱིས་ཕཱ་ལེ་སི་ཐན་མི་རིགས་འགྲིག་མཐུན་མངོན་འགྱུར་བྱེད་པར་གྲོས་མོལ་དང་བརྗེ་རེས་ཀྱི་གོ་སྐབས་འདོན་སྤྲོད་བྱས་ཡོད་ཟེར།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ངེས་པར་དུ་ཕཱ་ལེ་སི་ཐན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས་པར་མ་ཟད། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཕྱོགས་ཡོངས་དང་དྲང་བདེན། ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཟེར། ཕྱོགས་གཉིས་ཀྱིས་ད་རུང་ནན་གྱིས་བསྟན་དོན། ས་ཁུལ་གྱི་མི་དམངས་ཚང་མའི་བདེ་འཇགས་དང་གཏན་འཇགས། དར་རྒྱས་བཅས་མངོན་འགྱུར་བྱེད་ཆེད། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་མཐུན་རང་བཞིན་ལྡན་པའི་འབྲེལ་ཡོད་གྲོས་ཆོད་དང་ཨ་རབ་ཀྱི་ཞི་བདེའི་གྲོས་འདོན་བཅས་གཞིར་བཟུང་ནས། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱས་ཤིང་། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱེད་པ། བདག་དབང་ལྡན་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ཟེར།
ཕཱ་ལེ་སི་ཐན་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོའི་གྲོས་ཚོགས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ཨ་ལཱ་མན་གྲོང་ཁྱེར་གསར་བ་ནས་བསྡུས་པ་དང་། ཨ་པཱ་སི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད། གྲོས་མོལ་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས་ཕཱ་ལེ་སི་ཐན་ནང་ཁུལ་གྱི་མཐུན་སྒྲིལ་མངོན་འགྱུར་བྱེད་དགོས་པའི་གྲོས་གཞི་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།