འབར་མའི་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཀྱི་བྲེལ་མྱུར་དོགས་ཟོན་རྣམ་པའི་ཡུན་ཚད་ཡང་བསྐྱར་ཟླ་ངོ་དྲུག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།
འབར་མའི་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་སྲུང་དམག་གི་སྤྱི་ཁྱབ་དམག་སྤྱི་མེན་ཨང་ལའེ་ཡིས་ཚོགས་ཐོག་ནས་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གི་འདས་པའི་ཟླ་ངོ་དྲུག་གི་བྱ་བ་དང་མ་འོངས་པའི་བྱ་བའི་དགོས་མཁོ་སོགས་སྙན་ཞུ་བྱས། འབར་མའི་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་གྲོས་བསྡུར་བྱས་རྗེས། རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཡིས་རང་གི་འགན་འཁྲི་བདེ་བླག་ངང་མཇུག་སྒྲིལ་བར་འགན་སྲུང་བྱེད་ཆེད། ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་བཟུང་ཡང་བསྐྱར་ཟླ་ངོ་དྲུག་རིང་ལ་དོགས་ཟོན་མཐོར་འདེགས་རྣམ་པ་སྲུང་འཛིན་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར།
འབར་མའི་གནས་སྐབས་ཀྱི་ཙུང་ཐུང་མེན་རོས་ཉིན་དེའི་གྲོས་ཚོགས་ལ་ཞུགས་ནས་ཉིན་དེའི་དགོང་མོར་སྤྱི་སྒྲོག་བཀོད། མེན་རོས་ཀྱིས་ད་རུང་གྲོས་ཚོགས་སྟེང་ཁྱབ་བསྒྲགས་བྱས་དོན། ཡང་བསྐྱར་རྒྱལ་ཁབ་ཀྱི་འགན་འཁྲི་སྣ་ཚོགས་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་རྒྱལ་སྲུང་དམག་གི་སྤྱི་ཁྱབ་དམག་སྤྱི་ལ་བརྒྱུད་སྤྲོད་བྱེད་རྒྱུ་ཡིན་ཟེར།
ཉིས་སྟོང་ཉེར་གཅིག་ལོའི་ཟླ་གཉིས་པར། འབར་མའི་གནས་སྐབས་ཀྱི་ཙུང་ཐུང་མེན་རོས་ཀྱིས་བཀའ་རྒྱ་སྤེལ་ནས། རྒྱལ་ཡོངས་ནས་དུས་ཡུན་ལོ་ངོ་གཅིག་རིང་དོགས་ཟོན་མཐོར་འདེགས་རྣམ་པར་གནས་པ་ཁྱབ་བསྒྲགས་བྱས་པར་མ་ཟད། རྒྱལ་ཁབ་ཀྱི་དབང་ཆ་དེ་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ལ་སྤྲད་པ་རེད། རྒྱལ་སྲུང་དམག་དཔུང་གི་དམག་སྤྱི་པུའུ་ཡིས་དེའི་རྗེས་སུ་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། མེན་ཨང་ལའེ་ཡིས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་བ་རེད། རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་སོ་གཅིག་ཉིན་དང་ཉིས་སྟོང་ཉེར་གསུམ་ལོའི་ཟླ་གཉིས་པའི་ཚེས་གཅིག་ཉིན་རྩ་ཁྲིམས་ཀྱི་འབྲེལ་ཡོད་ནང་དོན་གཞིར་བཟུང་སྟེ། སྔ་གཞུག་ཏུ་ཐེངས་གསུམ་ལ་རྒྱལ་ཡོངས་ཀྱི་དོགས་ཟོན་མཐོར་འདེགས་རྣམ་པའི་ཡུན་ཚད་ཟླ་ངོ་དྲུག་གིས་ཇེ་རིང་དུ་བཏང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།