ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་དབྱི་སི་རལ་གྱི་མི་དྲུག་ལ་རྨས་ཕོག
2023.08.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

དབྱི་སི་རལ་རྒྱལ་སྲུང་དམག་དང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་མཱ་ཨ་ལེ་ཨ་ཏུའུ་མེན་དང་ལྷོ་ཕྱོགས་ཀྱི་ཞི་པའོ་ལོན་ས་ཁུལ་དུ་ཟླ་བརྒྱད་པའི་ཚེས་གཅིག་ཉིན་སོ་སོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། དབྱི་སི་རལ་གྱི་མི་དྲུག་ལ་རྨས་ཕོག འཇབ་རྒོལ་མཁན་གཉིས་ལ་དབྱི་སི་རལ་གྱི་དམག་གིས་མེ་མདས་བརྒྱབ་ནས་བསད་པ་རེད།

དབྱི་སི་རལ་གྱི་ཁྲིམས་བསྟར་དཔོན་པོས་བཤད་རྒྱུར། ཚེས་གཅིག་ཉིན་གྱི་ཕྱི་དྲོར། ཕཱ་ལེ་སི་ཐན་གྱི་མི་ཞིག་གིས་མཱ་ཨ་ལེ་ཨ་ཏུའུ་མེན་གྱི་ཉོ་ཚོང་ལྟེ་གནས་ཤིག་གི་ཕྱིའི་ཐང་ཆེན་ནས་མི་ཚོགས་ལ་མེ་མདས་བརྒྱབ་པ་དང་། ཉེ་སྔོན་གྱི་དབྱི་སི་རལ་གྱི་ཉེན་རྟོག་པ་ཞིག་གནས་དེར་འབྱོར་རྗེས་མེ་མདས་བརྒྱབ་སྟེ་ཕཱ་ལེ་སི་ཐན་གྱི་མི་དེ་བསད་པ་རེད། འཇབ་རྒོལ་ལས་དབྱི་སི་རལ་གྱི་མི་དྲུག་ལ་རྨས་ཕོག་ཡོད་ལ། དེའི་ནང་མི་གཉིས་ཀྱི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། འཇབ་རྒོལ་མཁན་དེ་ལོ་ཉི་ཤུ་ཅན་གྱི་ཕཱ་ལེ་སི་ཐན་གྱི་སྐྱེས་པ་ཞིག་ཡིན་ལ། མཱ་ཨ་ལེ་ཨ་ཏུའུ་མེན་ཉེ་འདབས་ཀྱི་ཨ་རབ་མཁར་གྲོང་ཞིག་ནས་ཡོང་བ་རེད། སྐྱེས་པ་དེས་མཱ་ཨ་ལེ་ཨ་ཏུའུ་མེན་དུ་གཙང་སྦྲའི་ལས་ཀ་བྱེད་བཞིན་ཡོད་ལ། ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དུ་བྱ་བ་བྱེད་པའི་ཆོག་མཆན་དབང་ཡིག་ཐོབ་ཡོད། མཱ་ཨ་ལེ་ཨ་ཏུའུ་མེན་གྱི་དཔོན་རིགས་ཀྱིས་བཤད་རྒྱུར། གཞན་ནས་བརྡ་གཏོང་རག་བར་དུ་གཏན་སྡོད་ས་ཁུལ་དེས་ཕཱ་ལེ་སི་ཐན་གྱི་བཟོ་བ་ཡོང་བར་གཏན་འགོག་བྱེད་རྒྱུ་ཡིན་ཟེར།

ཚེས་གཅིག་ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་སྐྱེས་པ་ཞིག་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ལྷོ་ངོས་ཀྱི་ཞི་པའོ་ལོན་ས་ཁུལ་དུ་གྲི་བཟུང་ནས་དབྱི་སི་རལ་གྱི་དམག་མིར་འཇབ་རྒོལ་བྱེད་རྩིས་བྱས་པར་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ་བསད་པ་རེད་ཟེར།

ད་ལོའི་ཚུན་ལ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་སོང་། དབྱི་སི་རལ་གྱི་དམག་དཔུང་དང་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ། ཡེ་ལུའུ་སཱ་ལེམ་སོགས་ཀྱི་ཕཱ་ལེ་སི་ཐན་པའི་བར་འཁྲུག་རྩོད་བྱུང་སྟེ་མི་སྣར་ཤི་རྨས་ཆེན་པོ་བཟོས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།