མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཨ་མའི་འོ་བཅུད་ཀྱིས་བྱིས་པ་གསོ་བར་སྔར་ལས་མང་བའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.08.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། མི་བཀོལ་ལས་ཁུངས་སོགས་ཀྱིས་ལས་བཟོ་བར་སྔར་ལས་ལྷག་པའི་ཆ་རྐྱེན་འདོན་སྤྲོད་བྱས་ཏེ་ཨ་མའི་འོ་བཅུད་ཀྱིས་བྱིས་པ་གསོ་བར་རྒྱབ་སྐྱོར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ཨ་མའི་འོ་བཅུད་ཀྱིས་བྱིས་པ་གསོ་བའི་ཚད་མཐོར་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བསྟན་དོན། ཨ་མའི་འོ་བཅུད་ཀྱིས་བྱིས་པ་གསོས་ན་བྱིས་པའི་རྒྱུན་མཐོང་གི་འགོ་ནད་སོགས་ཀྱི་ཉེན་ཁ་མི་འབྱུང་བར་སྲུང་སྐྱོབ་བྱེད་ཐུབ་པ་དང་། བྱིས་པའི་ནད་འགོག་མ་ལག་ཇེ་དྲག་ཏུ་གཏོང་ཐུབ། ཨ་མའི་འོ་བཅུད་རྐྱང་རྐྱང་གིས་གསོས་པའི་བྱིས་པ་དང་བསྡུར་ན། ཨ་མའི་འོ་བཅུད་འཐུང་མེད་པའི་བྱིས་པའི་ལོ་གཅིག་གི་ནང་ཚེ་སྲོག་ཤོར་ཉེན་ཆེ་བའི་ཚད་བརྒྱ་ཆའི་བཅུ་བཞི་ལས་མཐོ་བ་དང་། འདས་པའི་ལོ་བཅུའི་ནང་། འཛམ་གླིང་ཡོངས་སུ་ཨ་མའི་འོ་བཅུད་ཀྱིས་བྱིས་པ་གསོ་བའི་ཚད་བརྒྱ་ཆའི་གྲངས་གནས་བཅུ་འཕར་ནས་བརྒྱ་ཆའི་ཞེ་བརྒྱད་ལ་བསླེབས་ཡོད་ཀྱང་། ཕྱོགས་མང་བོ་ནས་ཤུགས་སྣོན་འབད་བརྩོན་བྱས་ཏེ་ཉིས་སྟོང་སུམ་ཅུ་ལོར་བརྒྱ་ཆའི་བདུན་ཅུའི་འཛམ་གླིང་ཡོངས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས། མིག་སྔར་འཛམ་གླིང་ཡོངས་སུ་ཟླ་ངོ་དྲུག་མན་གྱི་བྱིས་པའི་ཁྲོད་ཕྱེད་ཀ་ལས་ཉུང་བ་ཙམ་ལ་མ་གཏོགས་ཨ་མའི་འོ་བཅུད་ཐོབ་ཐུབ་མེད།

གསལ་སྒྲོག་ལས་བསྟན་དོན། བུད་མེད་མི་ཉུང་བ་ཞིག་བྱིས་པ་སྐྱེས་རྗེས་ལས་གནས་སུ་ཕྱིར་ལོག་རྗེས་འོ་བཅུད་ཀྱིས་བྱིས་པ་གསོ་བའི་ཚད་མངོན་གསལ་གྱིས་ཇེ་དམའ་རུ་སོང་ཡོད། གལ་ཏེ་བྱ་བའི་ལས་ར་ནས་དགོས་ངེས་ཀྱི་ཆ་རྐྱེན་འདོན་སྤྲོད་བྱས་ན་སྣང་ཚུལ་དེ་བཅོས་བསྒྱུར་མངོན་གསལ་བྱེད་ཐུབ་ངེས་རེད། ཨ་མའི་འོ་བཅུད་ཀྱིས་བྱིས་པ་གསོ་བར་སྟབས་བདེ་བཟོས་ན། བུད་མེད་དག་ལས་ར་ནས་སྡོད་པ་དང་། བྱིས་གཉོར་མཁན་གླས་པ་ལས་ལས་བཟོ་བར་བཟོས་པའི་གྱོང་གུད་ཇེ་ཉུང་དུ་གཏོང་ཐུབ་པས། ལས་རའི་བུད་མེད་དང་ཁྱིམ་ཚང་། ལས་བདག་བཅས་ཚང་མར་ཕན་ཐོགས་ཡོད། དེ་བས་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་དངུལ་གཏོང་མཁན། དམངས་ཁྲོད་ཚོགས་ཁག མི་བཀོལ་ལས་ཁུངས་བཅས་ཀྱིས་ལས་རའི་ཨ་མ་ཚང་མར་འོ་བཅུད་ཀྱིས་བྱིས་པ་གསོ་བའི་ཁོར་ཡུག་བསྐྲུན་པ་དང་། བྱིས་པ་གཉོར་བའི་མིར་ཟླ་ཕོགས་ཡོད་པའི་གནང་བ་འདང་ཚིམས་པ་ཞིག་འདོན་སྤྲོད་བྱེད་དགོས་པར་མ་ཟད། ཨ་མའི་འོ་བཅུད་ཀྱིས་བྱིས་པ་གསོ་བའི་སྲིད་ཇུས་དང་ལས་གཞིའི་དངུལ་གཏོང་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ལོ་རེའི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་ཚེས་བདུན་ཉིན་ནི་འཛམ་གླིང་ཨ་མའི་འོ་བཅུད་ཀྱིས་བྱིས་པ་གསོ་བའི་གཟའ་འཁོར་ཡིན་པ་དང་། ད་ལོའི་ཨ་མའི་འོ་བཅུད་ཀྱིས་བྱིས་པ་གསོ་བའི་གཟའ་འཁོར་གྱི་བརྗོད་སྙིང་ནི་ལས་རའི་ཁྱིམ་ཚང་ལ་རོགས་འདེགས་བྱས་ཏེ་ཨ་མའི་འོ་བཅུད་ཀྱིས་བྱིས་པ་གསོ་བར་སྐུལ་འདེད་གཏོང་དགོས་ཞེས་པ་དེ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།