ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་ཨ་མེ་རི་ཁས་བཟོས་པའི་མཚོན་ཆར་གཏོར་བཤིག་བཏང་བའི་ཚུལ་བསྟན་པ་དང་ཝུའུ་ཁི་ལན་གྱིས་པཱ་ཧི་མུའུ་ཐི་ལྷོ་ཕྱོགས་སུ་འགུལ་སྐྱོད་སྤེལ་བའི་ཚུལ་བསྟན།
2023.08.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་གཅིག་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ས་ཁུལ་མང་བོ་ནས་ཝུའུ་ཁི་ལན་གྱི་དམག་དོན་མི་སྣ་དང་མཚོན་ཆ་སྒྲིག་ཆས་ལ་ཆམ་ཕབ་བཏང་སྟེ། ཨ་མེ་རི་ཁས་བཟོས་པའི་མེ་སྒྱོགས་མ་ལག་དང་རྐང་དམག་གི་འཐབ་འཁོར་ལ་གཏོར་བཤིག་བཏང་བར་མ་ཟད། ཨུ་རུ་སིའི་མཁའ་སྲུང་དམག་དཔུང་གིས་ད་རུང་ཧེ་མཱ་སི་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་མང་བོ་བཀག་ཡོད་ཟེར། ཝུའུ་ཁི་ལན་གྱི་དམག་ཕྱོགས་ཀྱིས་ཚེས་གཅིག་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཨུ་རུ་སིའི་དམག་དོན་མི་སྣ་དང་སྒྲིག་ཆས་གཅིག་བསྡུས་ས་ཁུལ་དང་མཁའ་སྲུང་མ་ལག མདེལ་རྫས་དམག་ཆས་མཛོད་ཁང་སོགས་དམིགས་འབེན་ལ་ཆམ་ཕབ་བཏང་བ་དང་། ཞོར་དུ་ཝུའུ་ཁི་ལན་གྱི་དམག་དཔུང་གིས་པཱ་ཧི་མུའུ་ཐི་ལྷོ་ངོས་ས་ཁུལ་དུ་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར།

ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་ལ་ཉེ་སྔོན་ཐེངས་མང་བོར་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་པར་དམིགས་ནས། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། དེ་ནི་ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སིའི་དམངས་སྤྱོད་སྒྲིག་ཆས་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་རེད་ཟེར། ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་བློ་འདོན་པ་པའོ་ཏའོ་ལེ་ཡཱ་ཁི་ཡིས་བསྟན་དོན། ཨུ་རུ་སིའི་མངའ་ཁོངས་སུ་མ་འོངས་པར་ཐོབ་ཐང་གསལ་བོར་མི་ཤེས་པའི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་དོན་རྐྱེན་མང་བོ་འབྱུང་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།