ཀྲུང་གོས་སྐུལ་འདེད་བཏང་འོག མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཀྲུའུ་ཞིའི་གསར་འགྱུར་གཏམ་བཤད་སྤེལ་ནས། ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ཕཱ་ཁི་སི་ཐན་གྱི་ཁའེ་ཕུའུ་ཞིང་ཆེན་གྱི་པཱ་ཅོ་ཨར་ས་ཁུལ་དུ་བྱུང་བའི་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གནོད་ཐེབས་མཁན་གྱི་ཁྱིམ་མི་དང་ཕཱ་ཁི་སི་ཐན་སྲིད་གཞུང་ལ་སྙིང་ཉེ་བའི་འཚམས་འདྲི་བྱས་པ་དང་། འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་མཁན་དང་རྩ་འཛུགས་མཁན། དངུལ་གཏོང་མཁན་བཅས་ཁྲིམས་ལ་སྦྱོར་དགོས་པ་ནན་བཤད་བྱས་པར་མ་ཟད། རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་ནས། ཕཱ་ཁི་སི་ཐན་སྲིད་གཞུང་བར་མཉམ་ལས་སྤེལ་དགོས་པའི་སྐུལ་མ་བཏང་།
ཀྲུའུ་ཞིའི་གསར་འགྱུར་གཏམ་བཤད་སྤེལ་སྐབས་བསྟན་དོན། འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་གང་ཡིན་པ་དང་། དེའི་དམིགས་ཡུལ་ཅི་ཡིན་པ། དེ་བྱུང་སའི་དུས་ཚོད་ནམ་ཡིན་པ། སུས་ལག་བསྟར་བྱས་པ་ཡིན་ཡང་། དེ་ནི་ནག་ཉེས་བྱ་སྤྱོད་ཡིན་པས་ཀུ་ཡངས་གཏོང་ཐབས་མེད། རྒྱལ་ཁབ་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་སོགས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་གཞིར་བཟུང་སྟེ། བྱེད་ཐབས་གང་རུང་སྤྱད་དེ་འཇིགས་སྐུལ་རིང་ལུགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་བཟོས་པའི་འཇིགས་ཉེན་གང་རུང་ལ་ཆམ་ཕབ་གཏོང་དགོས་ཟེར།
ཟླ་བདུན་པའི་ཚེས་སུམ་ཅུ་ཉིན། ཕཱ་ཁི་སི་ཐན་གྱི་ཁའེ་ཕུའུ་ཞིང་ཆེན་གྱི་པཱ་ཅོ་ཨར་ས་ཁུལ་དུ་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ལྷག་ལ་རྨས་ཕོག་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།