ཕོ་ལན་གྱིས་ཨུ་རུ་སིའི་གྱེན་འཕུར་གནམ་གྲུས་རང་གི་མཁའ་ཁོངས་སུ་བཙན་འཛུལ་བྱས་པར་བཤད་ཀྱང་ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡིས་དེ་ཁས་ལེན་མ་བྱས།
2023.08.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཕོ་ལན་ཕྱི་འབྲེལ་པུའུ་ཡིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཕོ་ལན་ཕྱོགས་ཀྱིས་ཉིན་དེར་ཕོ་ལན་དུ་སྡོད་པའི་ཨུ་རུ་སི་དཀར་པོའི་གནས་སྐབས་ཚབ་སྒྲུབ་པ་བོས་ནས། ཨུ་རུ་སིའི་གྱེན་འཕུར་གནམ་གྲུས་རང་གི་མཁའ་ཁོངས་སུ་བཙན་འཛུལ་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་དང་། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་དེར་འགྲེལ་བཤད་བྱེད་དགོས་པའི་རེ་བ་བཏོན། ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་ཕོ་ལན་གྱི་སྐྱོན་འཛུགས་དེ་ཁས་ལེན་མ་བྱས།

ཕོ་ལན་རྒྱལ་སྲུང་པུའུ་ཡིས་ཚེས་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། སྦྱོང་བརྡར་བྱེད་བཞིན་པའི་ཨུ་རུ་སི་དཀར་པོའི་གྱེན་འཕུར་གནམ་གྲུ་གཉིས་ཉིན་དེར་དམའ་མོ་བྱས་ནས་རྒྱལ་ཁོངས་ལས་བརྒལ་ཏེ་ཕོ་ལན་གྱི་པུས་ཡཱ་བོ་ཝེ་ཀྲ་ས་ཁུལ་དུ་འཕུར་ནས། ཕོ་ལན་གྱི་མཁའ་ཁོངས་ལ་བཙན་འཛུལ་བྱས་ཟེར། ཕོ་ལན་གྱི་རྒྱལ་སྲུང་པུའུ་ཀྲང་པུའུ་ལཱ་ཧྲི་ཆཱ་ཁི་ཡིས་བཀའ་རྒྱ་བཏང་སྟེ་མཐའ་མཚམས་ས་ཁུལ་དུ་དམག་མི་ཁ་སྣོན་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། དྲག་ཆས་གྱེན་འཕུར་གནམ་གྲུ་མངག་ནས་ས་ཁུལ་དེར་བཅའ་སྡོད་བྱེད་དུ་བཅུག

ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡིས་ཚེས་གཅིག་ཉིན་དོན་དེར་ལན་བྱིན་ནས། ཕོ་ལན་གྱིས་སྐྱོན་འཛུགས་བྱེད་པའི་ཨུ་རུ་སི་དཀར་པོའི་མུས-24རྟགས་ཅན་དང་མུས-2རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་གཉིས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཁའ་ཁོངས་སུ་བཙན་འཛུལ་བྱས་མེད་པ་དང་། ཕོ་ལན་ཕྱོགས་ཀྱིས་ཟེར་སྒྲའི་ཙམ་ལ་ཡིད་འཇོག་བྱས་པ་ཡིན་ལ། ཕོ་ལན་གྱིས་ཨུ་རུ་སི་དཀར་པོའི་བར་གྱི་མཐའ་མཚམས་ས་ཁུལ་དུ་དམག་དཔུང་གཅིག་སྡུད་བྱེད་པར་ཁ་གཡོར་ས་བཙལ་བཞིན་ཡོད་ཟེར།

ཕོ་ལན་དང་ཨུ་རུ་སི་དཀར་པོའི་མཐའ་མཚམས་གནས་བབ་ཉེ་སྔོན་ཛ་དྲག་ཏུ་གྱུར་ཡོད། ཕོ་ལན་གྱི་ཙུང་ལི་མའོ་ལཱ་ཝེ་ཚི་ཅི་ཡིས་ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་བསྟན་དོན། ཨུ་རུ་སི་དཀར་པོས་མཐའ་མཚམས་ས་ཁུལ་གྱི་འདྲེས་སྦྱོར་འཇབ་རྒོལ་ལོ་གཉིས་ཙམ་ལ་རྒྱུན་བསྲིངས་ཡོད་ལ། ཁྲིམས་འགལ་གནས་སྤོར་སྡོད་དམངས་རྩ་འཛུགས་བྱས་ནས་མངའ་ཁོངས་སུ་ཡོང་བ་སོགས་འདུས་ཡོད་ཟེར། ཁོས་ད་རུང་བཤད་རྒྱུར། ཨུ་རུ་སི་དཀར་པོར་སྡོད་པའི་ཨུ་རུ་སིའི་སྒེར་གཉེར་དམག་དོན་ཚོགས་པ་ཝ་ཀི་ནཱ་རྩ་འཛུགས་ནི་ཕོ་ལན་དང་ཨུ་རུ་སི་དཀར་པོའི་མཐའ་མཚམས་སུ་བྱུང་བའི་འཇིགས་ཉེན་གསར་བ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།