ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་གཉིས་ཉིན་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ལ་ཁ་པར་གཏོང་སྐབས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སིའི་འོས་འགན་ལག་བསྟར་བྱས་རྗེས་མཚོ་ནག་ཞིང་ཞོར་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་ཡང་བསྐྱར་ལག་བསྟར་བྱེད་རྩིས་ཡོད་ཟེར།
ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཚེས་གཉིས་ཉིན་ཨེ་ཨར་ཏའོ་ཨན་ལ་ཁ་པར་བཏང་སྟེ། མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་དང་སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སི་དང་ཐུར་ཁེའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་བྱ་བར་གྲོས་བསྡུར་བྱས་ཟེར།
ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་ཨུ་རུ་སིའི་ཕྱོགས་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་འདྲེན་གྲོས་མཐུན་ལས་ཕྱིར་འབུད་པའི་རྒྱུ་རྐྱེན་བསྐྱར་སྒྲོག་བྱས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་བློ་གཏད་རུང་བའི་འབྲུ་རིགས་མཁོ་འདོན་ཇུས་གཞི་གཏན་འབེབས་བྱེད་བཞིན་ཡོད་ལ། རིན་མེད་དུ་མཁོ་འདོན་བྱེད་པའི་ཇུས་གཞི་འདུས་ཡོད་ཟེར། ཁོས་ད་རུང་ཐུར་ཁེ་དང་རྒྱལ་ཁབ་གཞན་པའི་བར་ཁྱབ་ཁོངས་དེའི་མཉམ་ལས་སྤེལ་འདོད་ཡོད་པའི་ཚུལ་བསྟན།
ཨུ་རུ་སི་དང་ཐུར་ཁེའི་གྲོགས་པོའི་འབྲེལ་བའི་གྲོས་རིམ་ལ་གྲོས་བསྡུར་བྱེད་སྐབས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གཙོ་བོ་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་འཕེལ་རྒྱས་མདུན་ལྗོངས་དང་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་འཐབ་ཇུས་ལས་གཞིའི་དངོས་འབེབས། གནས་སྐོར་ལས་རིགས་ཀྱི་མཉམ་ལས་སོགས་ནང་དོན་ལ་གྲོས་བསྡུར་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།