ནེ་ཀྲིར་སྲིད་འགྱུར་དམག་མིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་བཀག་སྡོམ་དང་ལེན་མི་བྱེད་པའི་ཚུལ་བསྟན།
2023.08.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ནེ་ཀྲིར་སྲིད་འགྱུར་དམག་མིའི་མགོ་ཁྲིད་པ་ཆི་ཡཱ་ནེ་ཡིས་ཚེས་གཉིས་ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ནེ་ཀྲིར་གྱི་མེས་རྒྱལ་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་བཀག་སྡོམ་གང་རུང་དང་ལེན་བྱེད་མི་སྲིད་ཟེར།

ཆི་ཡཱ་ནེ་ཡིས་བཤད་རྒྱུར། ནེ་ཀྲིར་མེས་རྒྱལ་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གིས་ནེ་ཀྲིར་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་པ་དང་། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་བཀག་སྡོམ་བྱེད་ཐབས་ཚང་མ་དང་ལེན་བྱེད་མི་སྲིད་ལ། ཕྱོགས་གང་རུང་གི་འཇིགས་ཉེན་ལ་མགོ་སྒུར་མི་སྲིད་ཟེར།

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་མགོ་ཁྲིད་པས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ནེ་ཀྲིར་གྱི་རྒྱལ་ས་ཨ་པུའུ་ཅཱ་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ནེ་ཀྲིར་གྱི་སྲིད་འགྱུར་དམག་མིས་གཟའ་འཁོར་གཅིག་གི་ནང་བཀག་འཇུག་བྱས་པའི་ནེ་ཀྲིར་གྱི་ཙུང་ཐུང་པཱ་ཙུའུ་མུའུ་ཕྱིར་བཏང་ནས་ཁོའི་ཙུང་ཐུང་གི་འགན་དབང་སླར་གསོ་བྱེད་དགོས་པའི་རེ་བ་བཏོན། གལ་ཏེ་འབྲེལ་ཡོད་རེ་བ་དེ་གཟའ་འཁོར་གཅིག་གི་ནང་བསྐང་མ་ཐུབ་ན། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་དམག་དོན་ཐེ་གཏོགས་དང་བཅས་པའི་བྱེད་ཐབས་གང་རུང་སྤྱད་དེ། ནེ་ཀྲིར་གྱི་རྩ་ཁྲིམས་སྒྲིག་ལམ་སླར་གསོ་བྱེད་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། ཉིན་དེར་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པ་དང་དེའི་ཁོངས་གཏོགས་རྒྱལ་ཁབ་བརྒྱད་ཀྱིས་གྲུབ་པའི་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་དཔལ་འབྱོར་དངུལ་ལོར་མནའ་འབྲེལ་གྱིས་ནེ་ཀྲིར་དང་སྲིད་འགྱུར་ལ་ཞུགས་པའི་ནེ་ཀྲིར་གྱི་དམག་མིར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

དེ་ལས་གཞན་ཆི་ཡཱ་ནེ་ཡིས་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་ད་རུང་བསྟན་དོན། ནེ་ཀྲིར་གྱིས་སྲིད་འགྱུར་སྐབས་སུ་དྲག་ཤུགས་གང་འདོད་དུ་བཀོལ་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།