ཐེ་གོའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝན་ནོའུ་ཡིས་ཚེས་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན། སྔོན་ཚེས་བཞི་ཉིན་སྤེལ་བར་ཐག་བཅད་པའི་ཙུང་ལིའི་འདེམ་སྒུག་མི་སྣའི་འདེམ་ཤོག་འཕེན་པའི་བརྡས་གཅོད་ལས་རིམ་དེ་རྗེས་སུ་སྣུར་རྒྱུ་ཡིན་ཟེར།
ཐེ་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་ཉིན་དེར་ཚོགས་འདུ་བསྡུས་ནས་རྒྱལ་ཚོགས་ཀྱིས་དེའི་སྔོན་ཡོན་ཅིན་ཏང་གི་ཏང་གཙོ་ཕིས་ཐཱའི་ཙུང་ལིའི་འདེམ་སྒུག་པའི་མིང་འདོན་གཉིས་པའི་ཐོབ་ཐང་ཁས་ལེན་མ་བྱས་པའི་སྐོར་གྱི་ཞུ་གཏུག་ཅིག་ལ་གྲོས་ཞིབ་བྱས། ཁྲིམས་ཁང་གིས་གྲོས་ཞིབ་བྱས་རྗེས་དེར་བསམ་བློ་གཏོང་བའི་དུས་ཚོད་མང་བོ་དགོས་པའི་ཚུལ་བསྟན་ན། ཟླ་འདིའི་ཚེས་བཅུ་དྲུག་ཉིན་ཡང་བསྐྱར་ཚོགས་འདུ་བསྡུས་ནས་ཞིབ་བྱེད་པར་རྗེས་སྣུར་བྱེད་རྒྱུ་ཐག་བཅད་པ་རེད།
ཝན་ནོའུ་ཡིས་དེའི་རྗེས་སུ་ཁྱབ་བསྒྲགས་བྱས་དོན། རྒྱལ་ཚོགས་ཀྱིས་རྩ་ཁྲིམས་ཁྲིམས་ཁང་གིས་གྲོས་ཞིབ་བྱས་ཏེ་ཐག་གཅོད་བྱས་རྗེས། ད་གཟོད་དུས་ནམ་ཞིག་ལ་གྲོས་ཁང་གོང་ཞོལ་གཉིས་ཀྱི་མཉམ་ཞུགས་གྲོས་ཚོགས་བསྡུས་ནས་ཙུང་ལི་གསར་བ་འདེམ་བསྐོ་བྱེད་པར་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།
ཡོན་ཅིན་ཏང་དང་ཡོན་ཅིན་ཏང་གི་རྒྱབ་སྐྱོར་མཁན་གྱིས་བཏོན་པའི་རེ་འདོད་ལྟར་ན། ཐེ་གོའི་སྒེར་ཚུགས་ལས་ཁུངས་ཀྱི་ལྟ་ཞིབ་པའི་གཞུང་སྒྲུབ་ཁང་གིས་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་ཞུ་གཏུག་བཏོན་པ་དང་། རྩ་ཁྲིམས་ཁྲིམས་ཁང་གིས་རྒྱལ་ཚོགས་ཀྱིས་ཕིས་ཐཱའི་ཙུང་ལིའི་འདེམ་སྒུག་པའི་མིང་འདོན་ཐོབ་ཐང་ཁས་ལེན་མ་བྱས་པའི་ཆོད་དོན་དེ་རྩ་ཁྲིམས་དང་འགལ་ཡོད་མིན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། ཐག་གཅོད་མ་བྱས་གོང་ཙུང་ལི་གསར་བའི་འདེམ་བསྐོའི་འཕེལ་རིམ་མཚམས་འཇོག་དགོས་པའི་རེ་བ་བཏོན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།