སོ་ཏི་ཨ་རབ་ཀྱིས་རང་འདོད་ལྟར་རྡོ་སྣུམ་གྱི་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་དེ་ཟླ་དགུ་བའི་ཟླ་མཇུག་བར་རྒྱུན་བསྲིང་རྒྱུ་ཁྱབ་བསྒྲགས་བྱས།
2023.08.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

སོ་ཏི་ཨ་རབ་ཀྱི་ནུས་ཁུངས་པུའུ་ཡིས་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱིས་ཟླ་བདུན་པ་ནས་མགོ་བརྩམས་པའི་ཉིན་རེར་རྡོ་སྣུམ་ཟོ་ས་ཡ་གཅིག་ཡིན་པའི་རང་འདོད་ལྟར་རྡོ་སྣུམ་གྱི་ཐོན་ཚད་ཇེ་དམའ་རུ་གཏོང་བའི་བྱེད་ཐབས་དེ་ཟླ་དགུ་བའི་ཟླ་མཇུག་བར་རྒྱུན་བསྲིང་རྒྱུ་མ་ཟད། ཡང་བསྐྱར་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བའམ་ཡང་ན་ཐོན་ཚད་ཇེ་དམའ་རུ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་ངེས་ཡིན་ཟེར།

བསྒྲགས་པ་ལྟར་ན། ཐོན་ཚད་ཇེ་དམའ་རུ་གཏོང་བའི་བྱེད་ཐབས་རྒྱུན་བསྲིང་རྗེས་སོ་ཏི་ཨ་རབ་ཀྱི་ཟླ་དགུ་བའི་རྡོ་སྣུམ་གྱི་ཉིན་རེའི་ཐོན་ཚད་རྡོ་སྣུམ་ཟོ་ས་ཡ་དགུ་ཡས་མས་ཡིན་སྲིད།

བསྒྲགས་པ་ལྟར་ན། ཐེངས་འདིའི་རང་འདོད་ལྟར་ཐོན་ཚད་ཇེ་དམའ་རུ་གཏོང་བའི་བྱེད་ཐབས་ནི་སོ་ཏི་ཨ་རབ་ཀྱིས་ཟླ་བཞི་བར་ཁྱབ་བསྒྲགས་བྱས་པའི་རང་འདོད་ལྟར་ཐོན་ཚད་ཇེ་དམའ་རུ་གཏོང་བའི་བྱེད་ཐབས་ཀྱི་རྨང་གཞིའི་སྟེང་ཐོན་ཚད་ཇེ་དམའ་རུ་གཏོང་བའི་ནང་དོན་གཞན་པ་ཁ་སྣོན་བྱས་ཡོད་ལ། དམིགས་ཡུལ་ནི་ཨིག་ཕའེ་ཁིའི་ཁོངས་གཏོགས་རྒྱལ་ཁབ་དང་ཨིག་ཕའེ་ཁི་མ་ཡིན་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཀྱིས་གྲུབ་པའི་རྒྱལ་ཁབ་དག་གིས་རྒྱལ་སྤྱིའི་རྡོ་སྣུམ་ཚོང་རའི་གཏན་འཇགས་དང་དོ་མཉམ་ལ་སྲུང་སྐྱོབ་བྱེད་ཆེད་སྤེལ་བའི་འགོག་སྲུང་རང་བཞིན་གྱི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་ཆེད་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།