ལེ་པཱ་ནུན་གྱི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་མུས་ཁཱ་ཐིས་ཀྱིས་ཚེས་གསུམ་ཉིན་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་ཀྲུའུ་ཞི་ཨ་པཱ་སི་སོགས་ལ་ཁ་པར་བཏང་སྟེ། ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཨེ་ཡུན་ཧཱ་ལེ་ཝ་ཕཱ་ལེ་སི་ཐན་ཡུལ་གྱར་བའི་སྒར་སའི་ནང་ཕྱོགས་ཁག་བར་དྲག་ཤུགས་འཁྲུག་རྩོད་བྱུང་བའི་གནད་དོན་ལ་གྲོས་བསྡུར་བྱས།
ལེ་པཱ་ནུན་གྱི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མུས་ཁཱ་ཐིས་ཀྱིས་ཉིན་དེར་ཨ་པཱ་སི་དང་། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཨ་ཀྲ་མུའུ་ཨེ་ཧཱ་མེད་ཏི། ལེ་པཱ་ནུན་དུ་སྡོད་པའི་ཕཱ་ལེ་སི་ཐན་གྱི་གཞུང་ཚབ་ཆེན་མོ་ཨ་ཧྲི་ལཱ་ཧྥུའུ་ཏཱ་པུའུ་ཨར་བཅས་ལ་ཁ་པར་བཏང་སྟེ། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་བྱེད་ཐབས་སྤྱད་ནས། ཨེ་ཡུན་ཧཱ་ལེ་ཝ་ཡུལ་གྱར་བའི་སྒར་སའི་ནང་ཁུལ་གྱི་དྲག་ཆས་འཁྲུག་རྩོད་ལ་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན།
མུས་ཁཱ་ཐིས་ཀྱིས་བསྟན་དོན། ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་གིས་ལེ་པཱ་ནུན་གྱི་མངའ་ཁོངས་ནས་འཁྲུག་རྩོད་བཟོས་པ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ཞིང་། དྲག་ཤུགས་འཁྲུག་རྩོད་དེ་ནི་ལེ་པཱ་ནུན་གྱི་བདག་དབང་ལ་མངོན་སུམ་འཛེམ་མེད་ཀྱིས་གནོད་པ་སྐྱེལ་བ་ཡིན་པས། ལེ་པཱ་ནུན་གྱི་དམག་དཔུང་དང་བདེ་འཇགས་དམག་དཔུང་གིས་བདེ་འཇགས་ལ་འགན་སྲུང་དང་འཁྲུག་རྩོད་ལ་བཀག་འགོག་བྱེད་རྒྱུ་ཡིན་ཟེར།
གཞན་ཡང་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧཱ་མཱ་སི་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཧཱ་མཱ་སིའི་ཆབ་སྲིད་ཅུའུ་ཡི་མགོ་ཁྲིད་པ་ཧཱ་ནེ་ཡཱ་ཡིས་ཀྱང་ཉིན་དེར་མུས་ཁཱ་ཐིས་དང་མཉམ་དུ་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་སྒར་སའི་ཕྱོགས་ཁག་བར་གྱི་འཁྲུག་རྩོད་གནད་དོན་ཐད་ནས་ཁ་པར་གྲོས་མོལ་བྱས།
ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་གྱི་ཞོགས་པ་ནས་བཟུང་། ཨེ་ཡུན་ཧཱ་ལེ་ཝ་ཡུལ་གྱར་བའི་སྒར་སའི་ནང་གི་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་ཧྥ་ཐཱ་ཧི་དང་དེའི་དགྲ་རུ་ལངས་པའི་ཕྱོགས་ཁག་གཞན་པའི་བར་དྲག་ཆས་འཁྲུག་རྩོད་ཐེངས་མང་བྱུང་སྟེ། མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བཞི་བཅུར་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།