ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་ཨུ་རུ་སིས་ཨུ་རུ་སིའི་འབྲུ་རིགས་དང་ལུད་རྫས་ཕྱིར་འདྲེན་པར་བཀག་རྒྱ་བཟོ་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་།
2023.08.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཨུ་རུ་སིའི་ཁི་ལེ་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་སྟེང་ཚེས་བཞི་ཉིན་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ། གསལ་བསྒྲགས་ནང་དུ་འབྲེལ་ཡོད་ཕྱོགས་ཀྱིས་བྱེད་ཐབས་སྤྱད་ནས། ཨུ་རུ་སིའི་འབྲུ་རིགས་ལུད་རྫས་ཕྱིར་འདྲེན་པར་བཀག་རྒྱ་བཟོ་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་ཡོད།

གསལ་བསྒྲགས་ནང་དུ་བཤད་རྒྱུར། ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོས་ཨུ་རུ་སི་དང་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་འཐུས་ཚབ་ཚོགས་པས་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་གྱི་ཐུག་འཕྲད་སྐབས་སུ་གྲོས་སྡུར་བྱས་པའི་མི་ཆོས་རིང་ལུགས་ཀྱི་གནད་དོན་ལ་འཕེལ་རིམ་ཆེན་པོ་ཐོབ་ཡོད་པ་དང་། ལྷག་པར་དུ་གཡུལ་སའི་བྱིས་པའི་ཁེ་དབང་དང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་གཏའ་མར་བཟུང་བའི་མི་སྣ་བརྗེ་རེས་བྱེད་པའི་སྐོར་གྱི་དོན་དག་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅེས་བསྟན་ལ། ཕྱོགས་སོ་སོས་མི་ཆོས་རིང་ལུགས་ཀྱི་འབད་བརྩོན་ལས་མུ་མཐུད་དུ་ཕན་འབྲས་བསྐྲུན་ཐུབ་པར་འདོད་ཡོད་ཟེར།

གསལ་བསྒྲགས་ནང་དུ་བཤད་རྒྱུར། ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོས་འབྲེལ་ཡོད་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་ཨུ་རུ་སིའི་འབྲུ་རིགས་དང་ལུད་རྫས་ཕྱིར་འདྲེན་པར་བཀག་རྒྱ་བཟོ་མཚམས་བཞག་སྟེ། མཚོ་ནག་གི་ཞིང་ལས་ཐོན་རྫས་ཕྱིར་འདྲེན་པའི་གྲོས་ཆོད་ཕྱོགས་ཡོངས་ནས་སླར་གསོ་བྱེད་རྒྱུའི་འབོད་སྐུལ་བཏང་ཡོད་ལ། དེ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་ཀྱི་གྲུ་ཁར་བཀག་ཡོད་པའི་ཨུ་རུ་སིའི་ལུད་རྫས་ཏུན་འབུམ་གཉིས་སྐྱེལ་འདྲེན་བྱེད་དུ་བཅུག་ནས། རིན་མ་བླངས་པར་ལུད་རྫས་དེ་དག་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་འདྲུད་དུ་འཇུག་རྒྱུའི་འབོད་སྐུལ་བཏང་ཡོད་ཟེར།

གསལ་བསྒྲགས་ནང་དུ་ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱིས་བཏོན་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འགལ་བ་ཐག་གཅོད་པའི་ཞི་བདེའི་ཇུས་གཞིའི་སྐོར་ནས་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུའི་ཐག་བཅད་ཡོད་ཅེས་བསྟན་ཡོད།

ད་ལོའི་ཟླ་དྲུག་པར། ཨ་ཧྥེ་རི་ཁ་ལྷོ་མ་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་ཆེད་མངགས་ཕོ་ཉས་གྲུབ་པའི་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་འཐུས་ཚབ་ཚོགས་པས་སྔ་གཞུག་ཏུ་ཝུའུ་ཁི་ལན་དང་ཨུ་རུ་སི་ལ་འཚམས་འདྲི་བྱས་ཏེ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འགལ་བ་ཐག་གཅོད་པའི་ཞི་བདེའི་ཇུས་གཞི་བཏོན། དེའི་ནང་དུ་གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ནས་དམག་འཁྲུག་མཚམས་འཇོག་རྒྱུ་དང་། ཕྱོགས་གཉིས་ཀྱི་འགལ་བ་ཇེ་ཆུང་དུ་གཏོང་བ་སོགས་འདུ།

ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་འཐུས་ཚབ་ཚོགས་པ་ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་ནས་ཉེར་བརྒྱད་ཉིན་བར་ཨུ་རུ་སི་དང་ཨ་ཧྥེ་རི་ཁ་གླིང་གི་རྩེ་ཚོགས་སྐབས་གཉིས་པར་ཞུགས་སྐབས་ཡང་བསྐྱར་ཨུ་རུ་སི་ལ་འཚམས་འདྲིར་ཐོན་ནས། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འགལ་བའི་སྐོར་ནས་མུ་མཐུད་དུ་བར་འདུམ་བྱས།