ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཞི་ཉིན་བཤད་རྒྱུར། ཨུ་རུ་སིའི་མཚོ་དམག་གིས་ཉིན་དེར་ཝུའུ་ཁི་ལན་དམག་དཔུང་གི་མི་མེད་གྲུ་གཟིངས་ཀྱིས་ལོ་ཞི་སི་ཁི་གསར་པའི་དམག་དོན་རྟེན་གཞི་འཇབ་རྒོལ་བྱེད་པར་རྒོལ་ལན་སྤྲད་པ་ཡིན་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁོ་ནཱ་ཧྲིན་ཁོ་ཧྥུའུ་ཡིས་ཚེས་བཞི་ཉིན་བསྒྲགས་རྒྱུར། ཉིན་དེའི་སྐྱ་རེངས་ཀྱི་དུས་སུ། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིས་མི་མེད་གྲུ་གཟིངས་གཉིས་བཀོལ་ནས་ལོ་ཞི་སི་ཁི་གསར་པའི་དམག་དོན་རྟེན་གཞི་ལ་འཇབ་རྒོལ་བྱེད་རྩིས་བྱས་མོད། ཨུ་རུ་སིའི་དམག་གིས་དེ་ཤེས་ནས་མི་མེད་གྲུ་གཟིངས་དེ་གཉིས་འགས་གཏོར་བཏང་བ་ཡིན་ཟེར།
ཁི་ལཱ་སི་ནོ་ཏར་མཐའ་མཚམས་ཁུལ་གྱི་མགོ་གཙོ་ཁང་ཏི་ལཱ་ཅི་ཡེ་ཧྥུའུ་ཡིས་སྤྱི་ཚོགས་སྨྱན་སྦྱོར་བརྒྱུད་ནས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱི་མི་མེད་གྲུ་གཟིངས་ཀྱིས་ལོ་ཞི་སི་ཁི་གསར་པའི་མཚོ་དམག་རྟེན་གཞི་ལ་འཇབ་རྒོལ་བྱས་པ་ལས་མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་བཟོས་མེད་ཟེར།
ནང་མཚོའི་འགྲུལ་ལམ་སྡེ་ཚོགས་ཀུང་ཟིས་སྨྱན་སྦྱོར་ལ་བཤད་རྒྱུར། ཐེངས་དེའི་འཇབ་རྒོལ་རྐྱེན་གྱིས་ཀུང་ཟི་དེས་གནས་སྐབས་སུ་ལོ་ཞི་སི་ཁི་གསར་པའི་གྲུ་ཁ་ནས་གྲུ་གཟིངས་འགྲོ་མཚམས་བཞག་ཡོད། འཇབ་རྒོལ་ཁྲོད་ནས་ཀུང་ཟི་དེའི་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་མེད་པ་དང་། གྲུ་གཟིངས་ཀྱིས་རྡོ་སྣུམ་སྐྱེལ་བའི་བྱ་བ་ཡང་རྒྱུན་ལྡན་ངང་སྒྲུབ་བཞིན་ཡོད་ཟེར།
གཞན་ཡང་ཨུ་རུ་སིའི་སྨྱན་སྦྱོར་གྱིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ཡིས་གཡུལ་སའི་བཀོད་འདོམས་པུའུ་ལ་ལྟ་ཞིབ་བྱས་ཏེ། བཀོད་འདོམས་དཔོན་པོའི་ཡར་ཞུ་ལ་ཉན་པར་མ་ཟད་དཔོན་དམག་གིས་ཧུང་ལེ་མན་ས་ཁུལ་ནས་རྒྱལ་ཁའི་དམག་འཐབ་བརྒྱབ་པར་བཀའ་དྲིན་ཞུས་ཟེར།