ཁོ་ལོམ་པི་ཡའི་ཞི་བདེའི་འཕེལ་རིམ་ལ་ཚེས་གསུམ་ཉིན་གྲུབ་འབྲས་གལ་ཆེན་ཐོབ། ཁོ་ལོམ་པི་ཡའི་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་གཙོ་བོ་ཁོ་ལོམ་པི་ཡའི་མི་རིགས་བཅིངས་འགྲོལ་དམག་གཉིས་ཀྱིས་ཟླ་དྲུག་གི་རིང་ལ་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དེ་ཉིན་དེ་ནས་བཟུང་ལག་བསྟར་བྱེད་མགོ་བརྩམས།
ཁོ་ལོམ་པི་ཡིས་སྲིད་གཞུང་དང་ཁོ་ལོམ་པི་ཡིས་མི་རིགས་བཅིངས་འགྲོལ་དམག་གིས་ཉིན་དེར་རྒྱལ་ས་པོ་ཀི་ཏ་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་འཇོག་པའི་ཚོགས་ཆེན་བསྡུས། གྲོས་ཆོད་དེ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོའི་ཟླ་བརྒྱད་པའི་ཚེས་གསུམ་ཉིན་ནས་ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་ཚེས་ཉེར་དགུ་ཉིན་བར་དུ། ཕྱོགས་གཉིས་ཀྱིས་དྲག་ཤུགས་དཔུང་འཇུག་དང་གསང་འཕྲིན་འཚོལ་སྡུད་སོགས་ཀྱི་མཚམས་འཇོག་རྒྱུ་རེད། གྲོས་ཆོད་དེའི་ནང་དོན་ལ་ད་དུང་ཞི་བའི་གྲོས་མོལ་ལ་ཞུགས་པའི་མི་སྣའི་བདེ་འགས་ལ་ཁག་ཐེག་བྱེད་པ་དང་། གྲོས་ཆོད་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་ལས་ཁུངས་འཛུགས་པ། འབྲེལ་འདྲིས་ཀྱི་རྐྱེན་སྲོལ་ནུས་ལྡན་འཛུགས་པ་སོགས་ཀྱང་འདུ།
ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐི་ལོ་ཡིས་ཚོགས་ཆེན་སྟེང་བཤད་རྒྱུར། གྲོས་ཆོད་དེར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པ་དང་། སྔོན་ཆད་དམག་འཁྲུག་བསླངས་པའི་མི་རྣམས་ད་ལྟ་ཚེ་ལས་འདས་ཟིན་པས། ད་དུང་དམག་འཁྲུག་རྒྱག་བཞིན་པའི་མི་རྣམས་ལ་དམག་འཁྲུག་མཇུག་བསྒྲིལ་བའི་ལས་འགན་ཡོད་ཟེར།
ཁོ་ལོམ་པི་ཡའི་མི་རིགས་བཅིངས་འགྲོལ་དམག་གི་མགོ་ཁྲིད་པ་གཙོ་བོ་འགའ་གྲོས་ཆོད་འགོད་པའི་ཚོགས་ཆེན་ལ་ཞུགས། དབུ་བཞུགས་འཐུས་མི་པཱ་པོ་ལོ་ཡིས་དྲག་ཆས་རྩ་འཛུགས་ཀྱི་ཁོངས་མི་ཚང་མས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་གྱིས་སྲིད་གཞུང་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། རྒྱལ་ཁབ་ཀྱི་ཞི་བདེ་ངོ་མ་མངོན་འགྱུར་བྱ་རྒྱུའི་འབོད་སྐུལ་བཏང་།
དུས་རབས་ཕྱེད་ཀའི་རིང་ལ། ཁོ་ལོམ་པི་ཡའི་མི་རིགས་བཅིངས་འགྲོལ་དམག་གིས་རྒྱུན་དུ་སྲིད་གཞུང་དམག་ལ་འཐབ་འཁྲུག་རྒྱག་བཞིན་ཡོད། ཉིས་སྟོང་བཅུ་བདུན་ལོའི་ཟླ་གཉིས་པར། ཁོ་ལོམ་པི་ཡའི་སྲིད་གཞུང་དང་ཁོ་ལོམ་པི་ཡའི་མི་རིགས་བཅིངས་འགྲོལ་དམག་གིས་ཨེ་ཀཱ་ཏོར་གྱི་རྒྱལ་ས་ཅི་ཏོ་ནས་དངོས་སུ་ཞི་བའི་གྲོས་མོལ་བྱེད་མགོ་བརྩམས། ཉིས་སྟོར་ཉེར་གསུམ་ལོའི་ཟླ་ལྔ་པའི་ཚེས་གཉིས་ཉིན་ནས་ཟླ་དྲུག་པའི་ཚེས་དགུ་ཉིན་བར། ཕྱོགས་གཉིས་ཀྱིས་ཁུ་པའི་རྒྱལ་ས་ཧ་ཝ་ནཱ་ནས་སྐོར་ཐེངས་གུམ་པའི་ཞི་བའི་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀ་གནས་སྐབས་སུ་དམག་འཁྲུག་རྒྱག་མཚམས་འཇོག་པར་གྲོས་མཐུན་བྱུང་བར་མ་ཟད། ཉིས་སྟོང་ཉེར་ལྔ་ལོའི་ཟླ་ལྔ་པའི་སྔོན་ལ་དམག་འཁྲུག་ཡོངས་སུ་མཇུག་བསྒྲིལ་བར་བྱ་རྒྱུར་འཐད་པ་བྱུང་ཡོད།