ནི་ཀྲེར་རྒྱལ་ཁབ་ཏུ་ཉེ་སྔོན་སྲིད་འགྱུར་བྱུང་བ་དང་གནས་བབ་བསྟུད་མར་ཛ་དྲག་ཏུ་གྱུར། ནི་ཀྲེར་གྱི་སྲིད་འགྱུར་དམག་མིས་ཚེས་གསུམ་ཉིན་གྱི་དགོང་མོར་ཡང་བསྐྱར་རྣམ་འགྱུར་དྲག་པོ་བསྟན་ནས། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་བཙན་འཛུལ་གྱི་ཚོད་ལྟ་ཡོད་ཚད་ལ་མྱུར་དུ་རྒོལ་ལན་སྤྲོད་རྒྱུ་ཡིན་ཞེས་བཤད། གཏའ་མར་བཟུང་བའི་ནི་ཀྲེར་རྒྱལ་ཁབ་ཀྱི་ཙུང་ཐུང་པཱ་ཙུའུ་མུའུ་ཡིས་ཚེས་གསུམ་ཉིན་ཨ་མེ་རི་ཁའི་ཝ་ཧྲིན་ཏོན་སྦྲགས་སྲིད་ཚགས་པར་སྟེང་རྩོམ་ཡིག་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནི་ཀྲེར་གྱི་རྩ་ཁྲིམས་སྒྲིག་ལམ་སླར་གསོ་བྱེད་པར་རོགས་རམ་བྱེད་རྒྱུའི་འབོད་སྐུལ་བཏོན།
ཧྥ་རན་སིའི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ནི་ཀྲེར་གྱི་སྲིད་འགྱུར་དམག་མིའི་མགྲིན་ཚབ་པ་ཨ་མཱ་ཏུའུ་ཨ་པུའུ་ཏུའུ་ལཱ་མན་གྱིས་ཚེས་གསུམ་ཉིན་གྱི་དགོང་མོར་གསལ་བསྒྲགས་བཏོན་ནས། ནི་ཀྲེར་གྱི་རྒྱལ་སྲུང་བདེ་འཇགས་དམག་དཔུང་གིས་ཨ་མེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་གང་རུང་གི་བཙན་འཛུལ་དང་ཡང་ན་བཙན་འཛུལ་གྱི་ཚོད་ལྟ་ཚང་མར་མྱུར་དུ་རྒོལ་ལན་སྤྲོད་རྒྱུ་ཡིན་ཞེས་བཤད། དེས་མི་ཚད་གསལ་བསྒྲགས་ནང་དུ་ད་དུང་ནི་ཀྲེར་གྱིས་ཧྥ་རན་སིའི་བར་དུ་བདེ་འཇགས་དང་རྒྱལ་སྲུང་ཁྱབ་ཁོངས་ཀྱི་དམག་དོན་མཉམ་ལས་མང་པོ་བྱེད་མཚམས་བཞག་པ་ཡིན་ལ། ནི་ཀྲེར་གྱི་ཧྥ་རན་སི་དང་ཨ་མེ་རི་ཁ། ནི་ཀྲེར་རི་ཡཱ། ཐོ་ཀོ་སོགས་རྒྱལ་ཁབ་ཏུ་སྡོད་པའི་གཞུང་ཚབ་པའི་འགན་བླངས་པ་ཡིན་ཞེས་བསྒྲགས་ཡོད།
ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཞི་ཉིན་དེར་ལན་བཏབ་ནས། རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་གྲོས་ཆོད་ནི་ཧྥ་རན་སི་དང་ནི་ཀྲེར་གྱི་ཁྲིམས་མཐུན་སྲིད་གཞུང་གིས་བཀོད་པ་ཡིན་པས། ནི་ཀྲེར་གྱི་ཁྲིམས་མཐུན་སྲིད་གཞུང་ལ་མ་གཏོགས་གྲོས་ཆོད་དེ་ལག་བསྟར་བྱེད་མཚམས་འཇོག་པའི་དབང་ཆ་མེད་ཅེས་བཤད།
སྲིད་འགྱུར་དམག་གིས་གཏའ་མར་བཟུང་ཡོད་པའི་ནི་ཀྲེར་གྱི་ཙུང་ཐུང་པཱ་ཙུའུ་མུའུ་ཡིས་ཚེས་གསུམ་ཉིན་ཝ་ཧྲིན་ཏོན་སྦྲགས་སྲིད་ཚགས་པར་སྟེང་རྩོམ་ཡིག་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནི་ཀྲེར་གྱི་རྩ་ཁྲིམས་སྒྲིག་ལམ་སླར་གསོ་བྱེད་པར་རོགས་རམ་བྱེད་རྒྱུའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། སྲིད་འགྱུར་དེ་ངེས་པར་དུ་མཇུག་བསྒྲིལ་དགོས་པ་དང་། དམག་མིའི་སྲིད་གཞུང་གིས་ཁྲིམས་དང་འགལ་ནས་གཏའ་མར་བཟུང་བའི་འབྲེལ་ཡོད་མི་སྣ་ཚང་མ་ཕྱིར་གཏོང་དགོས་ཟེར། ཁོས་ད་དུང་པོ་ཁི་གནས་མཆོག་ཅེས་པ་སོགས་འཇིགས་སྐུལ་རྩ་འཛུགས་ཀྱིས་ནི་ཀྲེར་གྱི་རྒྱལ་ནང་གི་བརྟན་འཇགས་མིན་པའི་གནས་བབ་བེད་སྤྱད་དེ། ནི་ཀྲེར་བརྒྱུད་ནས་ཁྱིམ་མཚེས་རྒྱལ་ཁབ་ལ་བཙན་འཛུལ་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་གཏོར་བརླག་བྱེད་ངེས་ཞེས་ཉེན་བརྡ་བཏང་།
ནི་ཀྲེར་རི་ཡའི་ཙུང་ཐུང་བཞུགས་ཤག་གིས་ཚེས་གསུམ་ཉིན་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་དུ། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་རེས་སྐོར་ཀྲུའུ་ཞི། ནི་ཀྲེར་རི་ཡའི་ཙུང་ཐུང་ཐིས་ནུའུ་པུའུ་ཡིས་ཉིན་དེར་ནི་ཀྲེར་ལ་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པའི་འཐུས་ཚབ་ཚོགས་པ་མངགས་ནས། འབྲེལ་ཡོད་ཕྱོགས་དང་འབྲེལ་འདྲིས་གྲོས་མོལ་བྱས་ཏེ། ཨ་ཧྥེ་རི་ཁ་ནུབ་མ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པས་བསྡུས་པའི་བྲེལ་མྱུར་གྲོས་ཚོགས་སྟེང་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་བརྒྱུད་སྒྲོག་བྱས་ནས། དེང་སྐབས་ཀྱི་ནི་ཀྲེར་གྱི་ཆབ་སྲིད་གནས་བབ་མྱུར་དུ་ཐག་གཅོད་པར་རོགས་རམ་བྱ་རྒྱུ་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱ་རྒྱུ་རེད་ཅེས་བཤད་ཡོད། གསལ་བསྒྲགས་ནང་དུ་ད་དུང་ཐིས་ནུའུ་པུའུ་ཡིས་ཉིན་དེར་ད་དུང་ལི་པི་ཡ་དང་ཨར་ཅི་རི་ཡར་འཐུས་ཚབ་ཚོགས་པ་གཞན་པ་ཞིག་མངགས་ཏེ། ནི་ཀྲེར་གྱི་ཉེན་ཚབས་སྐོར་ནས་རྒྱལ་ཁབ་དེ་གཉིས་ཀྱི་མགོ་ཁྲིད་པར་འབྲེལ་འདྲིས་བྱ་རྒྱུ་རེད་ཅེས་བཤད་ཡོད།
ཧྥ་རན་སིས་ཚེས་གསུམ་ཉིན་ནི་ཀྲེར་ནས་ཧྥ་རན་སིའི་སྤྱི་དམངས་ཕྱིར་འཐེན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས། ཧྥ་རན་སིའི་ཕྱི་འབྲེལ་པུའུ་དང་རྒྱལ་སྲུང་པུའུ་ཡིས་ཚེས་གསུམ་ཉིན་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ལྟར་ན། ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་ཚེས་གཉིས་ཉིན་བར། བསྡོམས་པས་མི་སྟོང་གཅིག་དང་བདུན་ཅུ་དོན་དགུ་ཧྥ་རན་སིའི་དམག་མིའི་གནམ་གྲུར་བསྡད་དེ་ནི་ཀྲེར་དང་བྲལ་ལ། དེའི་ནང་དུ་ཧྥ་རན་སིའི་སྤྱི་དམངས་ལྔ་བརྒྱ་དང་དོན་བདུན་ཡོད་ཟེར།
ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ཁི་ལུང་ནཱ་ཡིས་ཚེས་གསུམ་ཉིན་གྱི་དགོང་མོར་སྤྱི་ཚོགས་སྨྱན་སྦྱོར་བརྒྱུད་ནས། ཉིན་དེར་ཁོ་མོས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀ་ནི་ཀྲེར་གྱི་དམངས་གཙོ་སླར་གསོ་བྱེད་པ་དང་མི་དམངས་ཀྱིས་བདམས་པའི་ཙུང་ཐུང་པཱ་ཙུའུ་མུའུ་ལ་རྒྱབ་སྐྱོར་བྱེད་པའི་ཐུན་མོང་གི་ལངས་ཕྱོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པར་འཐད་ཡོད་ཅེས་བཤད། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་གསུམ་ཉིན་སྤྱི་བསྒྲགས་སྤེལ་ནས། སྲིད་འགྱུར་དམག་མིས་ཧྥ་རན་སིའི་རྒྱལ་སྤྱིའི་རླུང་འཕྲིན་ཁང་དང་ཧྥ་ལན་ཞིའི་བརྙན་འཕྲིན་ཁང་ཉེར་བཞི་པ་ཞེས་པ་དེ་གཉིས་ཀྱི་ནི་ཀྲེར་གྱི་བརྡ་རྟགས་བཅད་པར་སྐྱོན་བརྗོད་བྱས་པ་དང་། དེ་ནི་གཞི་རྩའི་རང་དབང་ལ་གནོད་བསྐྱལ་བའི་བྱ་སྤྱོད་ཅིག་རེད་ཅེས་བཤད།
ནི་ཀྲེར་ནས་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་དམག་དོན་སྲིད་འགྱུར་བྱུང་བ་དང་། ཙུང་ཐུང་སྲུང་དམག་གི་ཁོངས་མིས་ཙུང་ཐུང་པཱ་ཙུའུ་མུའུ་གཏའ་མར་བཟུང་བར་མ་ཟད། བརྙན་འཕྲིན་གསལ་བསྒྲགས་སྤེལ་ནས་ཙུང་ཐུང་རྩ་རྫོགས་བྱས་པར་མ་ཟད་མེས་རྒྱལ་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་བཙུགས་པ་ཡིན་ཞེས་བསྒྲགས། སྲིད་འགྱུར་དམག་མིའི་མགོ་ཁྲིད་པ་ཨ་པུའུ་ཏུའུ་ལཱ་ཧི་མན་ཆི་ཡ་ཉི་ཡིས་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་ཁོས་ཨུ་ཡོན་ལྷན་ཁང་དེའི་ཀྲུའུ་ཞིའི་འགན་ཁུར་བ་ཡིན་ཞེས་བསྒྲགས་པ་དང་། དེ་དང་མཉམ་དུ་ནི་ཀྲེར་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལག་བསྟར་བྱེད་མཚམས་བཞག་པར་མ་ཟད་རྩ་ཁྲིམས་གཞིར་བཟུང་ནས་བཙུགས་པའི་སྲིད་གཞུང་སྡེ་ཁག་རྩ་གཏོར་བྱས་པ་ཡིན་ཞེས་བསྒྲགས།