ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པས་ནེ་ཀྲིར་གྱི་ཉམས་ཉེན་ཐག་གཅོད་བྱེད་ཆེད་བར་འདུམ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།
2023.08.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཟླ་བདུན་པའི་ཚེས་སུམ་ཅུ་ཉིན། ནེ་ཀྲི་རི་ཡཱའི་རྒྱལ་ས་ཨ་པུའུ་ཅཱ་ནས། ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་བྲེལ་མྱུར་གྲོས་ཚོགས་ལ་ཞུགས་པའི་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དག་གི་མགོ་ཁྲིད་པས་མཉམ་པར་བླངས།

ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཁི་ལུང་ནཱ་ཡིས་ཉིན་དེར་ལེ་པཱ་ནུན་ནས་འཚམས་འདྲིར་ཡོང་བའི་ནེ་ཀྲིར་གྱི་ཙུང་ལི་མུའུ་ཧན་མའོ་ཏུའུ་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཧྥ་རན་སི་ཡིས་ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པས་ནེ་ཀྲིར་གྱི་སྲིད་འགྱུར་གཡོ་ཇུས་ཕམ་ཉེས་སུ་བཏང་ནས་བར་འདུམ་བྱེད་པའི་བྱ་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། མྱུར་མོར་ནེ་ཀྲིར་གྱི་རྩ་ཁྲིམས་སྒྲིག་ལམ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ནེ་ཀྲིར་དུ་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་སྲིད་འགྱུར་བྱུང་སྐབས། མུའུ་ཧན་མའོ་ཏུའུ་ཡོ་རོབ་གླིང་དུ་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་བཞིན་ཡོད་པ་དང་། ད་ལྟའི་བར་ཕྱི་རྒྱལ་ནས་བསྡད་པ་རེད།

ཁི་ལུང་ནཱ་ཡིས་ད་རུང་ཐུག་འཕྲད་བྱེད་སྐབས་བསྐྱར་སྒྲོག་བྱས་དོན། ཧྥ་རན་སི་རྒྱལ་ཁབ་ཀྱིས་སྲིད་འགྱུར་དམག་མིས་བཀག་འཇུག་བྱས་པའི་ནེ་ཀྲིར་གྱི་ཙུང་ཐུང་པཱ་ཙུའུ་མུའུ་དང་དེས་མགོ་ཁྲིད་པའི་སྲིད་གཞུང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ནེ་ཀྲིར་ནི་ཧྥ་རན་སིའི་སཱ་ཧི་ལེ་ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་པ་དང་། ནེ་ཀྲིར་དུ་སྡོད་པའི་ཧྥ་རན་སིའི་དམག་དཔུང་ལ་ད་ལྟ་མི་སྟོང་གཅིག་དང་ལྔ་བརྒྱ་ཙམ་ཡོད། ཁི་ལུང་ནཱ་ཡིས་ཚེས་ལྔ་ཉིན་ཧྥ་རན་སིའི་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཧྥ་རན་སི་ཡིས་ནེ་ཀྲིར་ནས་དམག་དཔུང་ཕྱིར་འཐེན་བྱེད་པ་དེ་ཉིན་རིམ་ནང་མེད་ཀྱང་། སྲིད་འགྱུར་གྱི་ཤུགས་རྐྱེན་ལས་རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་གནས་སྐབས་སུ་མཚམས་བཞག་ཡོད་ཟེར།

ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་འགོ་ཁྲིད་པས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ནེ་ཀྲི་རི་ཡཱའི་རྒྱལ་ས་ཨ་པུའུ་ཅཱ་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། སྲིད་འགྱུར་ལ་ཞུགས་པའི་དམག་མིས་མྱུར་མོར་པཱ་ཙུའུ་མུའུ་ཕྱིར་བཏང་ནས་ཁོའི་འགན་དབང་སླར་གསོ་བྱེད་དགོས་པའི་རེ་བ་བཏོན་པ་དང་། འབྲེལ་ཡོད་རེ་བ་དེ་གཟའ་འཁོར་གཅིག་གི་ནང་དོན་འཁྱོལ་མ་བྱས་ན། ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པས་དམག་དོན་ཐེ་གཏོགས་དང་བཅས་པའི་བྱེད་ཐབས་གང་རུང་སྤྱོད་སྲིད་པའི་ཚུལ་བསྟན། ཡིན་ཡང་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་དམག་དོན་ལ་བརྟེན་ནས་ནེ་ཀྲིར་གྱི་སྲིད་འགྱུར་ལ་ཐེ་གཏོགས་བྱེད་པའི་འཆར་གཞི་ཁས་ལེན་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།