ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་དམག་ཕྱོགས་འགན་ཁུར་བས་སྔོན་ལ་གྲོས་མོལ་ལ་བརྟེན་ནས་ནེ་ཀྲིར་གྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.08.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་དམག་ཕྱོགས་འགན་ཁུར་བས་ཚེས་བཞི་ཉིན་ནེ་ཀྲིར་གྱི་རྒྱལ་ས་ཨ་པུའུ་ཅཱ་ནས། ནེ་ཀྲིར་གྱི་མདུན་དུ་ལྷགས་པའི་ཉམས་ཉེན་དེ་ཐབས་ལམ་མང་བོ་བརྒྱུད་དེ་ཕྱོགས་བསྡུས་ལྟར་ཐག་གཅོད་བྱེད་དགོས་པས། སྔོན་ལ་གྲོས་མོལ་གདམ་གསེས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་དམག་ཕྱོགས་འགན་ཁུར་བས་ཚེས་གཉིས་ཉིན་ནས་ཚེས་བཞི་ཉིན་བར་ཨ་པུའུ་ཅཱ་ནས་དམིགས་བསལ་གྲོས་ཚོགས་བསྡུས་ཏེ་ནེ་ཀྲིར་གྱི་གནས་བབ་ལ་གྲོས་བསྡུར་བྱས། གྲོས་ཚོགས་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལས་བཤད་རྒྱུར། ནེ་ཀྲིར་གྱི་སྲིད་འགྱུར་ལས་ཉམ་ཞན་གྱི་ས་ཁུལ་བདེ་འཇགས་འབུར་ཐོན་དུ་མངོན་པར་བྱས་པས། ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་བདེ་འཇགས་སྒྲོམ་གཞིར་ཤུགས་སྣོན་བྱས་ནས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་བྱེད་དགོས། མིག་སྔའི་གནས་བབ་ཛ་དྲག་ཡིན་པས། ཕྱོགས་སོ་སོས་མཐུན་སྦྱོར་གཅིག་གྱུར་བྱས་ཏེ་སྔོན་ལ་གྲོས་མོལ་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་དགོས་ཟེར།

གཞན་ཡང་ནེ་ཀྲི་རི་ཡཱའི་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཆབ་སྲིད་དང་ཞི་བདེ། བདེ་འཇགས་བཅས་ཀྱི་ལས་དོན་གྱི་འགན་ཁུར་བའི་དཔོན་རིགས་ཤིག་གིས་ཚེས་བཞི་ཉིན་ཚོགས་ཐོག་ནས་བཤད་རྒྱུར། ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པས་ངེས་པར་དུ་འབྱུང་སྲིད་པའི་བློ་ཡུལ་ལས་འདས་པའི་གནས་ཚུལ་ལ་གྲ་སྒྲིག་གང་ལེགས་བྱེད་དགོས་པ་དང་། དམག་དོན་ཐེ་གཏོགས་ནི་ཆེས་མཇུག་མཐའི་བྱེད་ཐབས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།