མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་འཛམ་གླིང་ཡོངས་ཀྱི་སློབ་གསོའི་མ་ལག་བསྐྱར་འཛུགས་བྱས་ཏེ་སློབ་སྦྱོང་རྣམ་པ་ཅན་གྱི་སྤྱི་ཚོགས་འཛུགས་དགོས་པའི་འབོད་སྐུལ་བཏང་།
2023.08.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཞི་ཉིན་སློབ་གསོའི་བཅོས་བསྒྱུར་སྲིད་ཇུས་ཀྱི་གནས་ཚུལ་མདོར་བསྡུས་ཁྱབ་བསྒྲགས་བྱེད་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་སློབ་གསོའི་མ་ལག་བསྐྱར་འཛུགས་བྱས་ནས་སློབ་སྦྱོང་རྣམ་པ་ཅན་གྱི་སྤྱི་ཚོགས་འཛུགས་པ་དང་། ཚེ་གང་བོའི་སློབ་སྦྱོང་མ་ལག་འཛུགས་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། རང་འགུལ་ཅན་དང་མིས་བཟོས་རིག་ནུས་ཅན། ཞོར་ལས་དཔལ་འབྱོར་བཅས་བྱུང་བ་ལས་ངལ་རྩོལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། དེ་ལས་སློབ་གསོའི་ནང་དོན་དང་བྱེད་ཐབས། དུས་ཚོད་བཅས་ལ་ཤུགས་རྐྱེན་མི་དམན་པ་ཐེབས་ཡོད། དེང་སྐབས་སློབ་གསོའི་མ་ལག་དེ་སྔར་བཞིན་བཙན་གྱིས་བློར་འཛིན་བྱེད་པའི་སློབ་སྦྱོང་བྱེད་ཐབས་ལ་རྐང་བཙུགས་ནས་གཙོ་བོར་སློབ་མ་དག་ལ་སྤྱི་ཚོགས་ཀྱིས་བལྟས་ན་ཁོ་ཚོས་ཁོང་དུ་ཆུད་དགོས་པའི་ཤེས་བྱ་ཁྲིད་པ་མ་གཏོགས། ཁོ་ཚོར་རོགས་རམ་བྱས་ནས་གཏན་འཇགས་མིན་པའི་མ་འོངས་པར་ཇི་ལྟར་བདེ་བླག་ངང་འཚར་ལོངས་འབྱུང་བར་སློབ་སྦྱོང་བྱེད་པ་མ་ཡིན་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། སྲོལ་རྒྱུན་གྱི་འཇགས་རྣམ་སློབ་གསོའི་ལྟ་བ་བསྐྱུར་ནས། བབ་བསྟུན་ནུས་པ་དྲག་པ་དང་ལག་བསྟར་བྱེད་པར་ཕན་ནུས་ལྡན་པའི་ཚེ་གང་བོའི་སློབ་སྦྱོང་མ་ལག་བཙུགས་ནས་ངེས་པ་དོན་གྱི་སློབ་སྦྱོང་རྣམ་པ་ཅན་གྱི་སྤྱི་ཚོགས་གསར་འཛུགས་བྱེད་དགོས་ཟེར།

ཁོས་བསྟན་དོན། མི་རྣམས་ཀྱིས་དེང་རབས་ཀྱི་སློབ་གསོའི་མ་ལག་གིས་འགྱུར་ལྡོག་མྱུར་བའི་འཛམ་གླིང་ཁྲོད་སློབ་སྦྱོང་གི་དགོས་མཁོ་བསྐང་ཐུབ་མིན་ལ་དོགས་པ་ཟ་བཞིན་ཡོད་ལ། ང་ཚོ་རྒྱུས་མངའ་ལྡན་པའི་སློབ་གསོའི་མ་ལག་དེར་རྩ་བའི་རང་བཞིན་གྱི་བཅོས་བསྒྱུར་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་སློབ་གསོ་དང་ཚེ་གང་བོའི་སློབ་སྦྱོང་ནི་འཛམ་གླིང་ཡོངས་ཀྱི་ཐུན་མོང་ཐོན་རྫས་ཤིག་ཡིན་པ་ཤེས་དགོས་པ་དང་། ཉིས་སྟོང་སུམ་ཅུ་ལོའི་གྲོས་རིམ་ཁྲོད་དང་ཉིས་སྟོང་ཉེར་གཉིས་ལོའི་སློབ་གསོའི་བཅོས་བསྒྱུར་མཐོ་རིམ་ཚོགས་འདུའི་སྟེང་ཁས་ལེན་བྱས་པའི་དམ་བཅའ་ལག་བསྟར་བྱེད་དགོས་པར་མ་ཟད། སློབ་གསོའི་འགྱུར་ལྡོག་ལ་འདུས་འོས་པའི་གཞི་རྩའི་རྒྱུ་ཆར་དམིགས་ནས། སློབ་སྦྱོང་རྣམ་པ་ཅན་གྱི་སྤྱི་ཚོགས་འཛུགས་པའི་རེ་འདུན་ཐད་དམ་བཅའ་འཇོག་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། སློབ་གསོའི་བཅོས་བསྒྱུར་དེ་ཕྱོགས་བསྡུས་ཁྱོན་ཡོངས་ཀྱི་སློབ་གསོ་དང་ཚེ་གང་བོའི་སློབ་སྦྱོང་མ་ལག་གི་བཅོས་བསྒྱུར་ལ་འབྲེལ་ཡོད་པས། སློབ་གསོའི་ཁྲོད་དང་སློབ་གསོ་བརྒྱུད་དེ་འདྲ་མཉམ་དང་དཀྱེལ་ཡངས་མངོན་འགྱུར་བྱེད་པ་སོགས་ལ་འགན་སྲུང་བྱེད་དགོས་ཟེར།

ཉིན་དེར་སྤེལ་བའི་སྲིད་ཇུས་ཀྱི་གནས་ཚུལ་མདོར་བསྡུས་ལས་ད་རུང་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་དང་དབུལ་ཕོངས་རྒྱལ་ཁབ་བར་གྱི་སློབ་གསོའི་ཐད་ཀྱི་འགྲོ་སོང་འདྲ་མཉམ་མིན་པ་སོགས་ཀྱི་ནང་དོན་ཡང་གླེང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།