ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པའོ་ས་གནས་ཁྲིམས་ཁང་གིས་ཚེས་ལྔ་ཉིན་རུལ་སུངས་རྒྱུ་མཚན་དུ་བྱས་ནས་རྒྱལ་ཁབ་དེའི་སྔོན་ཆད་ཀྱི་ཙུང་ལི། དྲང་བདེན་ལས་འགུལ་ཏང་གི་ཀྲུའུ་ཞི་དབྱེ་མུའུ་ལན་ཧན་ལ་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད།
ཁྲིམས་བཅད་བཀའ་རྒྱ་ལས་མངོན་པ་ལྟར་ན། ཁྲིམས་དཔོན་གྱིས་ཉིན་དེར་དབྱེ་མུའུ་ལན་ཧན་གྱི་རུལ་སུངས་གྱོད་དོན་ལ་ཆོད་དོན་སྤེལ་ནས། དབྱི་མུའུ་ལན་ཧན་གྱིས་ཕཱ་ཁི་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་ལ་བརྡ་འཕྲིན་རྫུན་མ་སྤྲད་པ་དང་རུལ་སུངས་བྱ་སྤྱོད་ཡོད་པ་རྒྱུ་མཚན་དུ་བྱས་ནས། ཁོར་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་བྱས་པ་དང་། ཁོའི་ལོ་ལྔའི་གཞུང་འགན་ལ་འགྲན་རྩོད་བྱེད་པའི་ཐོབ་ཐང་འཕྲོག་པར་མ་ཟད། ཕཱ་ཁི་སི་ཐན་གྱི་སྒོར་མོ་འབུམ་གཅིག་གི་ཆད་པ་བཅད། དེ་ལས་གཞན་ཁྲིམས་དཔོན་གྱིས་ད་རུང་དབྱེ་མུའུ་ལན་ཧན་ལ་དམིགས་པའི་འཛིན་བཟུང་བཀའ་རྒྱ་སྤེལ་ཡོད།
ཁྲིམས་ཁང་གིས་ཁྱབ་སྒྲོག་བྱེད་སྐབས། དབྱེ་མུའུ་ལན་ཧན་ཚོགས་རར་འབྱོར་མེད། ཕཱ་ཁི་སི་ཐན་གྱི་དྲང་བདེན་ལས་འགུལ་ཏང་གི་གསར་འགྱུར་སྡེ་ཁག་གི་འགན་ཁུར་བས་གསར་འགོད་པར་བཤད་རྒྱུར། དབྱེ་མུའུ་ལན་ཧན་ཕཱ་ཁི་སི་ཐན་ཤར་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་ཧཱ་ཨར་དུ་ཡོད་པའི་སྒེར་གྱི་བཞུགས་ཤག་ནས་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་དང་། བཙོན་ཁང་དུ་བསྐྱལ་ནས་བཀག་འཇུག་བྱས་ཡོད་ཟེར།
ཁྲིམས་གཅོད་ཁྱབ་བསྒྲགས་བྱས་རྗེས། ཕཱ་ཁི་སི་ཐན་དྲང་བདེན་འགུལ་སྐྱོད་ཏང་གི་ཀྲུའུ་ཞི་གཞོན་པ་ཁུའུ་ལོས་ཞེ་ཡིས་བསྟན་དོན། དབྱི་མུའུ་ལན་ཧན་གྱི་ཁྲིམས་རྩོད་པའི་ཚོགས་ཁག་གིས་ཁྲིམས་གཅོད་དེའི་ཐད་ནས་དབྱི་སི་ལན་པའོ་མཐོ་རིམ་ཁྲིམས་ཁང་ལ་གོང་གཏུག་བྱེད་རྒྱུ་ཡིན་ཟེར།
དབྱེ་མུའུ་ལན་ཧན་གྱིས་ཉིས་སྟོང་བཅོ་བརྒྱད་ལོར་དྲང་བདེན་ལས་འགུལ་ཏང་གི་མགོ་ཁྲིད་དེ་ཕཱ་ཁི་སི་ཐན་གྲོས་ཁང་ཞོལ་མའི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། དེའི་རྗེས་སུ་ཙུང་ལིར་བདམས་པ་རེད། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཞི་བའི་ཚེས་བཅུ་ཉིན། ཕཱ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གིས་དབྱེ་མུའུ་ལན་ཧན་ལ་ཡིད་ཆེས་མེད་པའི་གྲོས་མཐུན་བཀོད། དབྱེ་མུའུ་ལན་ཧན་ནི་ཕཱ་ཁི་སི་ཐན་གྱི་ལོ་རྒྱུས་སྟེང་རྒྱལ་དམངས་གྲོས་ཁང་གིས་དབང་ཆ་བླངས་པའི་ཙུང་ལི་ཐོག་མར་གྱུར་བ་རེད།
ད་ལོའི་ཟླ་ལྔ་བའི་ཚེས་དགུ་ཉིན། དབྱེ་མུའུ་ལན་ཧན་དབྱི་སི་ལན་པའོ་ནས་ཕཱ་ཁི་སི་ཐན་རྒྱལ་ཁབ་འགན་འཁྲི་རྩད་གཅོད་ཅུའུ་ཡིས་རུལ་སུངས་ལ་འབྲེལ་བ་རྒྱུ་མཚན་དུ་བྱས་ཏེ་འཛིན་བཟུང་བྱས། ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། ཕཱ་ཁི་སི་ཐན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་དབྱེ་མུའུ་ལན་ཧན་གྱི་འཛིན་བཟུང་འགུལ་སྐྱོད་དེ་ཁྲིམས་འགལ་ནུས་མེད་ཡིན་པར་ཁྲིམས་གཅོད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།