ལེ་པཱ་ནུན་གྱི་ཙུང་ལི་ཡིས་ལེ་པཱ་ནུན་གྱི་བདེ་འཇགས་གནས་བབ་ལ་སེམས་ཁུར་དང་འཇིགས་དངངས་སྐྱེས་མི་དགོས་པའི་ཚུལ་བསྟན།
2023.08.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

སོ་ཏི་ཨ་རབ་དང་ཁི་ཝེ་ཐི་སོགས་རྒྱལ་ཁབ་ཀྱིས་རྒྱལ་ཁབ་རང་གི་སྤྱི་དམངས་དག་ལེ་པཱ་ནུན་དང་ཁ་འབྲལ་བ་དང་། ཡང་ན་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་དྲག་ཆས་འཁྲུག་རྩོད་བྱུང་སར་འགྲོ་མི་རུང་བའི་སྐུལ་མ་བཏང་རྗེས། ལེ་པཱ་ནུན་གྱི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་མུས་ཁཱ་ཐིས་ཀྱིསི་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ལེ་པཱ་ནུན་གྱི་བདེ་འཇགས་གནས་བབ་ལ་སེམས་ཁུར་དང་འཇིགས་དངངས་སྐྱེས་མི་དགོས་ཟེར།

མུས་ཁཱ་ཐིས་ཀྱིས་བསྟན་དོན། ད་ཡོད་ཀྱི་གསང་འཕྲིན་ལས་མངོན་པ་ལྟར་ན། ལེ་པཱ་ནུན་གྱི་སྤྱིའི་བདེ་འཇགས་གནས་བབ་ལ་སེམས་ཁུར་དང་འཇིགས་དངངས་སྐྱེས་དགོས་དོན་མེད། ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཨེ་ཡུན་ཧཱ་ལེ་ཝ་ཕཱ་ལེ་སི་ཐན་ཡུལ་གྱར་བའི་སྒར་སའི་ནང་གི་ཕྱོགས་ཁག་བར་གྱི་དྲག་ཆས་འཁྲུག་རྩོད་ལ་དམིགས་ནས་སྤེལ་བཞིན་པའི་ཆབ་སྲིད་དང་བདེ་འཇགས་ཀྱི་འབྲེལ་འདྲིས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། ལེ་པཱ་ནུན་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་རང་དང་ཕྱི་རྒྱལ་གྱི་མང་ཚོགས་དག་གི་བདེ་འཇགས་ལ་འགན་སྲུང་བྱས་ཡོད་ཟེར།

ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་གྱི་ཞོགས་པ་ནས་བཟུང་། ཨེ་ཡུན་ཧཱ་ལེ་ཝ་ཡུལ་གྱར་བའི་སྒར་སའི་ནང་ལེ་པཱ་ནུན་གྱི་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་ཧྥ་ཐཱ་ཧི་དང་དེའི་དགྲར་འཛིན་ཕྱོགས་ཁག་བར་ཐེངས་མང་བོ་དྲག་ཆས་འཁྲུག་རྩོད་བྱུང་སྟེ། མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བཞི་བཅུར་རྨས་ཕོག་ཡོད།

མུས་ཁཱ་ཐིས་ཀྱིས་ཟླ་བརྒྱད་པའི་ཚེས་གསུམ་ཉིན་སོ་སོར་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་ཀྲུའུ་ཞི་ཨ་པཱ་སི་དང་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཆབ་སྲིད་མགོ་ཁྲིད་པ་ཧཱ་ནེ་ཡཱ་སོགས་ལ་ཁ་པར་བཏང་སྟེ། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཨེ་ཡུན་ཧཱ་ལེ་ཝ་ཡུལ་གྱར་བའི་སྒར་སའི་ཕྱོགས་ཁག་བར་གྱི་འཁྲུག་རྩོད་ལ་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།