ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཏོན་ནས་ཚེས་ལྔ་ཉིན་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་འགའ་བྱུང་ནས། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་ཞིང་། མི་མང་པོར་རྨས་ཕོག
ཝ་ཧྲིན་ཏོན་གྱི་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་ཚབ་མ་ཕ་མེ་ལཱ་ཧྲི་མུས་ཟི་ཡིས་བཤད་རྒྱུར། ས་དེའི་ཚེས་ལྔ་ཉིན་གྱི་ནམ་གུང་གི་ཆུ་ཚོད་གཅིག་ཡས་མས་སུ། ཝ་ཧྲིན་ཏོན་གྱི་ནུབ་བྱང་ཁུལ་དུ་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་། ཉེན་རྟོག་པ་ཡུལ་དངོས་སུ་འབྱོར་དུས་མི་གསུམ་ལ་མེ་མདའ་ཕོག་འདུག་ལ། དེའི་ཁྲོད་ཀྱི་མི་གཉིས་རྐྱེན་ལམ་དུ་ཤོར་འདུག མི་གཞན་པ་དེ་ལ་རྨས་ཚབས་ཆེན་ཕོག་འདུག་པས། མྱུར་དུ་སྨན་ཁང་ལ་བསྐྱལ་ནས་སྨན་བཅོས་བྱེད་ཀྱིན་ཡོད་ཟེར།
ཉིན་དེའི་དགོང་མོའི་དུས་ཚོད་བརྒྱད་ཡས་མས་སུ། ཝ་ཧྲིན་ཏོན་ཤར་ལྷོའི་ས་ཁུལ་དུ་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས། མི་གསུམ་རྐྱེན་ལམ་དུ་ཤོར་ཞིང་། མི་གཉིས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད། ཧྲི་མུས་ཟི་ཡིས་ཡུལ་དངོས་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། དོན་རྐྱེན་འདིའི་ཁྲོད་དུ་རྨས་མ་སྔར་ལས་མང་པོ་ཡོད་ངེས་ཟེར།
གཞན་ཝ་ཧྲིན་ཏོན་སྦྲགས་སྲིད་ཚགས་པར་གྱིས་བསྒྲགས་རྒྱུར། ཚེས་ལྔ་ཉིན་གྱི་ནམ་གུང་གི་དུས་ཚོད་ལྔ་ཡས་མས་སུ། ཝ་ཧྲིན་ཏོན་གྱི་ནུབ་བྱང་ཁུལ་དུ་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས། སྐྱེས་པ་ཞིག་ས་དེ་རུ་རྐྱེན་ལམ་དུ་ཤོར་ཟེར།
ཨ་མེ་རི་ཁར་མི་གྲངས་ཕལ་ཆེར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་ཡོད་ལ། དམངས་ཁྲོད་དུ་མེ་མདའི་ཁ་གྲངས་དུང་ཕྱུར་བཞི་ལས་བརྒལ་ཡོད། མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་ནི་དེང་གི་ཨ་མེ་རི་ཁའི་སྤྱི་ཚོགས་འཚོ་བའི་རྒྱུན་རྣམ་དུ་གྱུར་འདུག ཨ་མེ་རི་ཁའི་མེ་མདའ་དང་འབྲེལ་བའི་དྲག་ཤུགས་ཡིག་ཚགས་ཞེས་པའི་དྲ་ཚིགས་སྟེང་བཀོད་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཚེས་ལྔ་ཉིན་བར་དུ། ཨ་མེ་རི་ཁ་རུ་ད་ལོར་ཁྱུ་ཚོགས་རང་བཞིན་གྱི་མེ་མདས་བརྒྱབ་པའི་དོན་རྐྱེན་བཞི་བརྒྱ་དང་ཉི་ཤུ་བྱུང་།
སྐལ་བཟང་རྣམ་རྒྱལ།