ཕ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་ཞིན་ཏི་ཞིང་ཆེན་གྱི་དཔོན་རིགས་ཀྱིས་ཚེས་དྲུག་ཉིན་བཤད་རྒྱུར། ཞིང་ཆེན་དེའི་སང་ཁི་ཨར་ས་ཁུལ་དུ་ཉིན་དེའི་ཉིང་གུང་འགྲུལ་སྐྱེལ་མེ་འཁོར་ལྕགས་ལམ་ལས་བརྒལ་བའི་དོན་རྐྱེན་བྱུང་ནས། ཉུང་མཐར་ཡང་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བཅུ་ལ་རྨས་ཕོག
ཡུལ་དངོས་ཀྱི་མྱུར་སྐྱོབ་བྱ་བའི་འགན་ཁུར་བའི་ཉེན་རྟོག་པ་ཆན་ཏིས་ཨོ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། འཁོར་སྒམ་བཅུ་ཡོད་པའི་མྱུར་བགྲོད་མེ་འཁོར་ཞིག་ས་དེའི་སེ་ཨར་ཧ་ལེ་མེ་འཁོར་ས་ཚིགས་དང་བྲལ་ནས་ཅང་མ་འགོར་བར་ལྕགས་ལམ་ལས་བརྒལ་བའི་དོན་རྐྱེན་བྱུང་། ཕ་ཁི་སི་ཐན་གྱི་དམག་ཕྱོགས་དང་། ཉེན་རྟོག་ཕྱོགས། མྱུར་སྐྱོབ་མི་སྣ་བཅས་ཡུལ་དངོས་སུ་ཐོན་ནས་མྱུར་སྐྱོབ་བྱ་བ་སྤེལ། མིག་སྔར་འགྲུལ་བ་མང་བོ་ད་དུང་འཁོར་སྒམ་ནང་དང་འཁོར་སྒམ་གྱི་འོག་ཏུ་མནན་ཡོད། རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་སྐྱོབ་བཅོས་བྱེད་བཞིན་ཡོད་ལ། རྨས་མ་ཁ་ཤས་ཀྱི་རྨས་ཧ་ཅང་ལྗིད་པས། ཚོད་དཔག་བྱས་ན་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ད་དུང་ཇེ་མང་དུ་འགྲོ་སྲིད་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། མེ་འཁོར་དེ་ནི་ཉིན་དེའི་སྔ་དྲོར་ཞིན་ཏི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁཱ་ལཱ་ཆི་ནས་ནུབ་བྱང་ཕྱོགས་ཀྱི་ཞིང་ཆེན་ཁའེ་པོ་ཨར་ཕུའུ་ཧྲི་ཐུའུ་ལ་སྐྱོད་བཞིན་ཡོད་པ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་རེད།