རྒྱལ་སྤྱིའི་གྲོས་ཚོགས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ཞི་བདེའི་ངང་ཐག་གཅོད་དགོས་པ་ནན་བཤད་བྱས།
2023.08.07 ཁུངས། ཀློག་གྲངས། 22

ཞིན་ཧྭ་གསར་འགྱུར་ཁང་གིས་ཟླ་བརྒྱད་པའི་ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན། དུས་ཡུན་ཉིན་གཉིས་རིང་གི་ཝུའུ་ཁི་ལན་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་དེ་སོ་ཏི་ཨ་རབ་ཀྱི་ནུབ་ཕྱོགས་མཚོ་འགྲམ་གྲོང་ཁྱེར་ཅི་ཏ་ནས་མཇུག་སྒྲིལ། ཕྱོགས་སོ་སོའི་ཚོགས་ཞུགས་པ་དག་གིས་རྒྱལ་སྤྱིའི་གྲོས་མོལ་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཞི་བདེའི་ངང་ཐག་གཅོད་དགོས་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། 

སོ་ཏི་ཨ་རབ་ཀྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་ཚོགས་འདུ་ལ་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱིས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་ཚབ་མི་སྣ་བཞི་བཅུ་ལྷག་ཞུགས། ཚོགས་འདུའི་སྐབས་སུ། ཕྱོགས་སོ་སོའི་འཐུས་ཚབ་པ་དག་གིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་གཏམ་བཤད་བྱས་པར་ཉན་ཞིང་། ཝུའུ་ཁི་ལན་གྱིས་བཏོན་པའི་ཞི་བདེའི་ཐག་གཅོད་ཀྱི་ཇུས་གཞི་ལ་དཔྱད་གླེང་བྱས། 

སོ་ཏི་ཨ་རབ་ཀྱི་སྨྱན་བྱད་ཀྱིས་བསྒྲགས་རྒྱུར། སོ་ཏི་ཨ་རབ་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གདོང་ཐུག་དེ་ཡུན་རིང་ཞི་བདེའི་ངང་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད་ཐེངས་འདིའི་རྒྱལ་སྤྱིའི་ཚོགས་འདུ་དེ་བསྡུས་པ་ཡིན་ལ། དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་གྲོས་མོལ་དང་མཉམ་ལས་ལ་སྐུལ་འདེད་བྱས་ཏེ་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་པར་འབད་བརྩོན་བྱེད་རྒྱུ་དེ་རེད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།