ཁམ་ཕུ་ཀྲེའི་རྒྱལ་བོས་ཧོང་མཱ་ནེ་དབུ་བཞུགས་བློན་ཆེན་གསར་བར་བསྐོ་འཇོག་བྱས།
2023.08.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཁམ་ཕུ་ཀྲེའི་རྒྱལ་བོ་ཞི་ཧཱ་མའོ་ནེ་ཡིས་ཚེས་བདུན་ཉིན་ཅིན་པེན་ནས་རྒྱལ་བོའི་བཀའ་རྒྱ་བཀོད་དེ། ཧོང་མཱ་ནེ་དབུ་བཞུགས་བློན་ཆེན་གསར་བར་བསྐོ་འཇོག་བྱས་པ་དང་། འགན་ཡུན་ལོ་ལྔ་རེད།

ཧོང་མཱ་ནེ་ཡིས་ད་ལྟ་ཁམ་ཕུ་ཀྲེའི་མི་དམངས་ཏང་ཀྲུང་དབྱང་གི་རྒྱུན་ལས་ཨུ་ཡོན་དང་། ཁམ་ཕུ་ཀྲེའི་རྒྱལ་བོའི་དམག་དཔུང་གི་དམག་སྤྱི་གཞོན་པའམ་སྐམ་དམག་གི་དམག་སྤྱིའི་འགན་ཁུར་ཡོད།

ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་སིན་གྱིས་བསྟན་དོན། ཁོས་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་རྒྱུ་མིན་པ་དང་། ཁམ་ཕུ་ཀྲེའི་མི་དམངས་ཏང་གི་མ་འོངས་པའི་དབུ་བཞུགས་བློན་ཆེན་གྱི་འདེམ་སྒུག་པ་ཧོང་མཱ་ནེ་ཡིས་སྲིད་གཞུང་གསར་བར་མགོ་ཁྲིད་བྱེད་རྒྱུ་རེད་ཟེར།

ཧོང་མཱ་ནེ་ལ་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་སྤེལ་རྒྱུ་ཡིན་པའི་རྒྱལ་དམངས་གྲོས་ཁང་ནས་ཡིད་ཆེས་ཀྱི་འདེམ་ཤོག་ཐོབ་ན་ད་གཟོད་དངོས་སུ་དབུ་བཞུགས་བློན་ཆེན་གསར་བར་འགྱུར་སྲིད། ཚོད་དཔག་བྱས་ན། གལ་ཏེ་གྲོས་ཁང་ནས་ཡིད་ཆེས་ཀྱི་འདེམ་ཤོག་ཐོབ་ན་ཁོས་ཉིན་དེར་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྒྱུ་རེད།

ཁམ་ཕུ་ཀྲེའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་བརྒྱད་པའི་ཚེས་ལྔ་ཉིན་ཁྱབ་བསྒྲགས་བྱས་པའི་འདེམ་བསྐོའི་མཇུག་འབྲས་ལྟར་ན། སྲིད་འཛིན་ཏང་མི་དམངས་ཏང་ལ་སྐབས་བདུན་པའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས། སྐབས་གསར་བའི་རྒྱལ་བོའི་སྲིད་གཞུང་རྩ་འཛུགས་བྱེད་པའི་འགན་ཁུར་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།