ཐུ་ནི་ཞི་ཡཱའི་ཁྲིམས་ཁང་གི་མི་སྣས་ཚེས་བདུན་ཉིན་བཤད་རྒྱུར། ལྐོག་འབྲོས་གྲུ་གཟིངས་ཤིག་ཐུ་ནི་ཞི་ཡཱའི་ཉེ་འདབས་ཀྱི་མཚོ་ཁོངས་སུ་རྒྱ་མཚོར་ནུབ་སྟེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞི་བཅུར་གར་སོང་རྙེད་མེད་ཟེར།
སི་ཧྥ་ཁི་སིའི་འདྲི་གཅོད་དང་པོའི་ཁྲིམས་ཁང་གི་མགྲིན་ཚབ་པ་མཱ་སི་མུའུ་ཏིས་ཀྱིས་བཤད་རྒྱུར། ལྐོག་འབྲོས་གྲུ་གཟིངས་དེའི་སྟེང་ཁྲིམས་འགལ་གནས་སྤོར་སྡོད་དམངས་ང་བདུན་དྲུད་ཡོད་པ་དང་། མང་ཆེ་བ་སཱ་ཧཱ་ལཱ་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་ནས་ཡོང་བ་རེད། ཐུ་ནི་ཞི་ཡཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་སི་ཧྥ་ཁི་སི་ཞིང་ཆེན་གྱི་ཀའེ་ཨར་ཀན་ནེ་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁོངས་ནས་ལྐོག་འབྲོས་མཁན་བཅུ་གཅིག་གི་བེམ་པོ་རྙེད་པ་དང་། མི་གཉིས་བསྐྱབས། མིག་སྔར་གར་སོང་མ་རྙེད་པའི་མི་གཞན་པ་འཚོལ་བཞིན་ཡོད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། གྲུ་གཟིངས་དེ་ནི་ཉེ་སྔོན་སི་ཧྥ་ཁི་སི་ཞིང་ཆེན་ནས་ལམ་དུ་ཆས་པ་ཡིན་ལ། འགྲོ་སའི་དམིགས་ཡུལ་ནི་དབྱི་ཐཱ་ལེ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།