ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་བརྒྱད་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་ཏོན་ནེ་ཚི་ཁི་ས་ཁུལ་དུ་ཡོད་པའི་དམར་དམག་མཁར་གྱི་དམག་དོན་བཀོད་འདོམ་ཁང་ཞིག་ལ་ཆམ་ཕབ་བཏང་བ་དང་། ཝུའུ་ཁི་ལན་གྱི་དམག་དཔུང་གི་ཀྲ་པའོ་ལོ་རི་གྲོང་ཁྱེར་དང་ཧཱ་ཨར་ཁི་ཧྥུའུ་མངའ་སྡེ་རུ་ཡོད་པའི་དམག་ཆས་མཛོད་ཁང་གསུམ་ལ་གཏོར་བཤིག་བཏང་ཡོད་ཟེར། ཝུའུ་ཁི་ལན་གྱི་ཏོན་ནེ་ཚི་ཁི་ས་ཁུལ་གྱི་དམག་དོན་སྲིད་འཛིན་དཔོན་པོ་ཅི་ལི་ལེན་ཁི་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་ཕྱོགས་ཀྱིས་ཚེས་བདུན་ཉིན་གྱི་དགོང་མོར་འཕུར་མདའ་གཏོང་འཕེན་བྱས་ཏེ་པའོ་ཁི་ལོ་ཧྥུའུ་སི་ཁི་གྲོང་ཁྱེར་ལྟེ་གནས་ཀྱི་ཁང་བར་གཏོར་བཤིག་ཐེབས་ཡོད་ལ། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་གྱ་གཅིག་ལ་རྨས་ཕོག་ཡོད་ཟེར།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བརྒྱད་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ། དེ་མིན་མཛའ་མཐུན་མིན་པའི་རྒྱལ་ཁབ་གཞན་པའི་བར་བཀོད་པའི་ཁྲལ་བསྡུའི་གྲོས་ཆོད་ཀྱི་དམིགས་བསལ་དོན་ཚན་ལག་བསྟར་བྱེད་མཚམས་བཞག ཙུང་ཐུང་གི་བཀའ་རྒྱ་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱིས་གོང་གི་ཆོད་དོན་དེ་སྤེལ་བ་ནི་རྒྱལ་ཁབ་སྐོར་ཞིག་གིས་ཨུ་རུ་སིར་སྤྱད་པའི་མཛའ་མཐུན་མིན་པའི་བྱ་སྤྱོད་ལ་རྒོལ་ལན་སྤྲོད་ཆེད་རེད། ཕུའུ་ཅིན་གྱིས་ཙུང་ཐུང་བཀའ་རྒྱའི་ནང་ཨུ་རུ་སིའི་སྲིད་གཞུང་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཁྲལ་བསྡུའི་གྲོས་ཆོད་ཀྱི་དམིགས་བསལ་དོན་ཚན་ལག་བསྟར་བྱེད་མཚམས་བཞག་པ་ལས་ཨུ་རུ་སིའི་དཔལ་འབྱོར་ཐད་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་དགོས་པའི་རེ་བ་བཏོན། རྒྱུས་ལོན་བྱུང་བ་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱིས་ཁྲལ་བསྡུའི་གྲོས་ཆོད་ཀྱི་དམིགས་བསལ་དོན་ཚན་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པ་དེ་ཚད་གཞི་ཟུང་ལྡན་གྱི་ཁྲལ་བསྡུའི་སྣང་ཚུལ་མེད་པར་བཟོ་བ་དང་ཁྲལ་གཡོལ་སྔོན་འགོག་སོགས་ནང་དོན་ལ་འབྲེལ་ཡོད་པ་རེད།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བདུན་ཉིན་ཅི་ཏཱ་ཝུའུ་ཁི་ལན་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་སྟེང་དཔྱད་བརྗོད་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ནས་ཡོང་བའི་གྲོགས་པོ་དག་གི་འདུམ་འགྲིག་བྱེད་ཐབས་ལ་གཟེངས་བསྟོད་བྱས། ཁོ་མོས་བཤད་རྒྱུར། ང་ཚོས་ཐོག་མཐའ་བར་གསུམ་དུ་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པར་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་པར་མ་ཟད། ནན་ཏན་དང་གཟབ་ནན་གྱི་གྲོས་གཞིར་ལན་སྟེར་འདོད་ཡོད་ཟེར།
ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཀྲ་ལུའུ་རི་ནེ་ཡིས་ཚེས་བདུན་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོས་ཉིན་དེར་ཨ་མེ་རི་ཁའི་ཇུས་འདོན་དཔོན་པོའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་མུས་ལེ་ལ་ཁ་པར་བཏང་སྟེ་འཐབ་འཁྲུག་གི་གནས་ཚུལ་ལ་གྲོས་བསྡུར་བྱས་ཟེར། ཀྲ་ལུའུ་རི་ནེ་ཡིས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཕྱོགས་མང་བོ་ནས་དཔུང་འཇུག་བྱས་ཏེ་ཝུའུ་ཁི་ལན་གྱི་དམག་དཔུང་གི་དམག་ཤུགས་ཁ་ཐོར་དུ་གཏོང་རྩིས་བྱེད་བཞིན་ཡོད་ཟེར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཕྱིར་རྒོལ་གནས་ཚུལ་ཐད་ནས་ཁོས་ཝུའུ་ཁི་ལན་གྱི་དམག་དཔུང་གིས་མུ་མཐུད་དུ་དཔུང་འཇུག་ལ་ཆ་རྐྱེན་བསྐྲུན་འདོད་ཡོད་ལ། རང་འགུལ་དབང་ཆ་དེ་ཝུའུ་ཁི་ལན་གྱི་ཕྱོགས་ལ་ཡོད་པ་ནན་བཤད་བྱས། དེ་ལས་གཞན། ཕྱོགས་གཉིས་ཀྱིས་ད་རུང་མིག་སྔའི་ཝུའུ་ཁི་ལན་གྱི་དམག་ཆས་དགོས་མཁོར་གྲོས་བསྡུར་བྱས།
ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལེ་པཱ་ཡིས་ཚེས་བདུན་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཁོས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་གྱི་ཞི་བདེ་ཇུས་གཞིར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་དང་ཝུའུ་ཁི་ལན་གྱི་འབྲུ་རིགས་ཕྱིར་གཏོང་རྒྱ་བསྐྱེད་པ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།