ནེ་ཐཱ་ནི་ཡཱ་ཧུའུ་ཡིས་སོ་ཏི་ཨ་རབ་བར་གྱི་འགྲིག་མཐུན་ཡོང་ཆེད་ཕཱ་ལེ་སི་ཐན་གྱི་གནད་དོན་ཐད་ནས་མཐུན་སྦྱོར་བྱེད་སྲིད་པའི་ལྐོག་བརྡ་བཏང་།
2023.08.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉེ་སྔོན་ཡང་བསྐྱར་དབྱི་སི་རལ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་གཏམ་བཤད་སྤེལ། ཁོས་ཕིན་པའོ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས། སོ་ཏི་ཨ་རབ་བར་འགྲིག་མཐུན་ཡོང་ཆེད། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གནད་དོན་ཐད་ནས་མཐུན་སྦྱོར་བྱེད་སྲིད་པའི་ལྐོག་བརྡ་བཏང་།

དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་ཚེས་བདུན་ཉིན་སྤེལ་བའི་བཅར་འདྲིའི་ནང་དོན་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། གལ་ཏེ་སོ་ཏི་ཨ་རབ་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་མངོན་འགྱུར་བྱེད་པ་དེ་ངོ་མ་གནད་དེར་ཐུག་ཡོད་ན། ཁོས་ཕཱ་ལེ་སི་ཐན་ཕྱོགས་ལ་རྣམ་འགྱུར་བཟང་བོ་སྟོན་སྲིད་ཟེར། ཁོས་ད་རུང་སྲིད་འཛིན་མནའ་འབྲེལ་གྱི་ཁོངས་མིས་འབྲེལ་ཡོད་གྲོས་མཐུན་འགོད་པར་བར་ཆད་བཟོ་མི་སྲིད་པའི་ལྐོག་བརྡ་བཏང་།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། གལ་ཏེ་ཆབ་སྲིད་རེ་འདུན་ཡོད་ན། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་དབྱི་སི་རལ་དང་སོ་ཏི་ཨ་རབ་བར་གྱི་རྒྱུན་ལྡན་འབྲེལ་བ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པར་གྲོས་བསྡུར་བྱེད་པའི་བར་སྟོང་ངེས་ཅན་ལྡན་པར་བསམ་ཡོད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་སོ་ཏི་ཨ་རབ་བར་གྱི་འགྲིག་མཐུན་ཆེད་དུ་ཕཱ་ལེ་སི་ཐན་གྱི་གནད་དོན་ཐད་ནས་མཐུན་སྦྱོར་ཅི་ལྟ་བུ་བྱེད་པར་གསལ་བཤད་བྱས་མ་བྱས་པར་ཁོས་ཕཱ་ལེ་སི་ཐན་གྱི་མིས་རང་བདག་བཅོས་སྐྱོང་བྱེད་པའི་ཐད་མཁོ་བའི་དབང་ཆ་ཡོད་ཚད་སྟེར་བར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།

དེའི་སྔོན་ལ་ཨེ་ཅིབ་དང་ཅོར་ཏན་ནི་དབྱི་སི་རལ་བར་འབྲེལ་བ་རྒྱུན་ལྡན་དུ་གྱུར་བའི་ཨ་རབ་ཀྱི་རྒྱལ་ཁབ་གཉིས་ཡིན་པ་དང་། ཕཱ་ལེ་སི་ཐན་གྱི་གནད་དོན་དང་ཨ་རབ་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་དབང་གིས་སོ་ཏི་ཨ་རབ་དང་བཅས་པའི་ཨ་རབ་རྒྱལ་ཁབ་མང་བོས་དབྱི་སི་རལ་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་བཏང་མེད་ལ། ཕན་ཚུན་ཁ་གཏད་དུ་ལངས་པའམ་ཐ་ན་དགྲ་རུ་ལངས་ཡོད།

ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་དང་དབྱི་སི་རལ་གྱི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་ཅིང་། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཕཱ་ལེ་སི་ཐན་མི་དམངས་ཀྱིས་དབྱི་སི་རལ་གྱི་བཙན་བཟུང་ལ་ངོ་རྒོལ་བྱེད་པ་དང་། སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པའི་དྲང་བདེན་ལས་དོན་ལ་རྒྱབ་འགལ་བྱས་ཡོད་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།