ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་སྤྱིའི་འབྲེལ་བ་དང་མཉམ་ལས་ཀྱི་པུའུ་ཀྲང་ཕན་ཏའོ་ཨར་གྱིས་ཚེས་བདུན་ཉིན་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མས་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅོ་ལྔ་བ་སྤེལ་བར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།
ཕན་ཏའོ་ཨར་གྱིས་ཉིན་དེར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཉིས་སྟོང་ཉེར་གསུམ་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་མཚམས་སྦྱོར་བྱས། ཁོ་མོས་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མས་ཡའོ་ཧན་ནེ་སི་པའོ་ནས་ཐེངས་འདིའི་གསེར་གྱོམ་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་སྤེལ་བར་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་། དེ་ནི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ་གསེར་གྱོམ་རྒྱལ་ཁབ་ཀྱིས་སྤེལ་བའི་ཡུལ་དངོས་ཀྱི་མཐོ་རིམ་གྲོས་ཚོགས་ཐོག་མ་རེད་ཟེར།
ཕན་ཏའོ་ཨར་གྱིས་བཤད་རྒྱུར། ཉིས་སྟོང་ཉེར་གསུམ་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་སུ། ཨ་ཧྥེ་རི་ཁ་ལྷོ་མས་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅོ་ལྔ་བ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་སོགས་སྤེལ་རྒྱུ་ཡིན། སྐབས་ཐོག་དེར་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་རྐྱེན་སྲོལ་རྒྱ་བསྐྱེད་པ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
ཕན་ཏའོ་ཨར་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཨ་ཧྥེ་རི་ཁ་ལྷོ་མས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རེ་བདུན་གསེར་གྱོམ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་གི་གྲོས་ཚོགས་དང་གསེར་གྱོམ་རྒྱལ་ཁབ་དང་རྒྱལ་ཁབ་གཞན་པའི་གྲོས་མོལ་ལ་ཞུགས་པར་གདན་ཞུ་བྱས་ཡོད། དེ་ལས་གཞན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སོགས་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་མགོ་ཁྲིད་པ་ཉི་ཤུ་ཡང་ཚོགས་འདུར་ཞུགས་པར་གདན་ཞུ་བྱས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།