སུའུ་ཏན་རྒྱལ་སྲུང་པུའུ་ཡིས་གསང་འཕྲིན་ལས་ཁུངས་ཀྱི་དཔོན་རིགས་དྲུག་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཚུལ་བསྟན།
2023.08.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

སུའུ་ཏན་རྒྱལ་སྲུང་པུའུ་ཡིས་ཚེས་དགུ་ཉིན་བསྟན་དོན། སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཉིན་དེར་རྒྱལ་ས་ཁཱ་ཐུའུ་མུའུ་ནུབ་ངོས་ཀྱི་ཨིན་ཐུའུ་མན་ནས་འཁྲུག་རྩོད་དྲག་པོ་བྱས་པ་དང་། རྒྱལ་ཁབ་གསང་འཕྲིན་དང་བདེ་འཇགས་ལས་ཁུངས་ཀྱི་དཔོན་རིགས་དྲུག་རྐྱེན་ལམ་དུ་ཤོར་ཡོད་ཟེར།

རྒྱལ་སྲུང་པུའུ་ཡིས་དྲ་ཐོག་ཏུ་སྤེལ་བའི་རྩོམ་ཡིག་ལས་བཤད་རྒྱུར། མི་སེར་དཀྱུས་མ་མང་བོ་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།

འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས་བརྒྱད་ཉིན་ཨིན་ཐུའུ་མན་ནས་སུའུ་ཏན་དྲག་ཆས་དམག་དཔུང་ལ་ཆམ་ཕབ་དྲག་པོ་བཏང་སྟེ། མི་བརྒྱ་དང་དོན་བཞི་བསད་པའི་ཚུལ་བསྟན་ཡང་། སུའུ་ཏན་དྲག་ཆས་དམག་དཔུང་གིས་དེའི་རྗེས་སུ་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ལ་ཤི་རྨས་ཚབས་ཆེན་བཟོས་ཡོད་པའི་ཚུལ་བསྟན་ཡོད།

སུའུ་ཏན་དུ་སྡོད་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཐུས་མི་ཨ་པུས་ཏི་ཡིས་ཚེས་དགུ་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། སུའུ་ཏན་གྱི་མིག་སྔའི་འཕྲོད་བསྟེན་ཉམས་ཉེན་གཞི་རྒྱ་ཧ་ཅང་ཆེ་ཟེར། ཁོས་ནན་གྱིས་བསྟན་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྨན་བཅོས་རྒྱུ་ཆ་གལ་ཆེན་དང་བྲེལ་མྱུར་གྱི་འཕྲོད་བསྟེན་མཁོ་དངོས་གཞན་པ་འདོན་སྤྲོད་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།