ཕཱ་ཁི་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་དགུ་ཉིན་གྱི་ནམ་གུང་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། ཙུང་ཐུང་ཨ་ཨར་ཝེ་ཡིས་རྒྱལ་དམངས་གྲོས་ཁང་གཏོར་བར་དངོས་སུ་ཆོག་མཆན་བཀོད་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཨ་ཨར་ཝེ་ཡིས་ཉིན་དེར་ཙུང་ལི་ཞཱ་པཱ་ཙི་ཡིས་སྤྲད་པའི་སྐབས་འདིའི་རྒྱལ་དམངས་གྲོས་ཁང་གཏོར་བའི་གྲོས་གཞིར་ཆོག་མཆན་བཀོད་པ་དང་། དེ་ལས་སྐབས་འདིའི་སྲིད་གཞུང་དངོས་སུ་གཏོར་བ་མཚོན་ཡོད།
ཚེས་དགུ་ཉིན་གྱི་སྔ་དྲོར། ཞཱ་པཱ་ཙི་ཡིས་རྒྱལ་དམངས་གྲོས་ཁང་ནས་གཏམ་བཤད་སྤེལ་ཏེ། ཁོས་ཚེས་བཅུ་ཉིན་རྒྱལ་དམངས་གྲོས་ཁང་གི་ངོ་རྒོལ་ཏང་གི་གཙོ་འཛིན་ལི་ཡཱ་ཙི་དང་གྲོས་མོལ་བྱེད་རྒྱུ་མ་ཟད། རྩ་ཁྲིམས་ལས་གཏན་འཁེལ་བྱས་པའི་ཉིན་གསུམ་གྱི་དུས་ཚོད་ནང་མཉམ་དུ་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལིའི་འདེམ་སྒུག་མི་སྣ་གཏན་འཁེལ་བྱེད་རྒྱུ་ཡིན། ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཡིས་ལྟ་སྐྱོང་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་འགན་ཁུར་རྒྱུ་ཡིན་ལ། སྐབས་རྗེས་མའི་རྒྱལ་དམངས་གྲོས་ཁང་དང་སྲིད་གཞུང་རྩ་འཛུགས་བྱེད་རག་བར་དུ་རྒྱལ་ཁབ་ཀྱི་ལས་དོན་ཐག་གཅོད་བྱེད་དགོས་ཟེར།
སྐབས་འདིའི་ཕཱ་ཁི་སི་ཐན་གྱི་རྒྱལ་དམངས་གྲོས་ཁང་དེས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། འགན་ཡུན་ལོ་ལྔ་རེད། ཕཱ་ཁི་སི་ཐན་གྱི་རྩ་ཁྲིམས་ལྟར་ན། སྐབས་འདིའི་རྒྱལ་དམངས་གྲོས་ཁང་དེ་ཁྲིམས་བཅད་འགན་ཡུན་མ་ལོངས་གོང་གི་ཉིན་གསུམ་གྱི་སྔོན་ལ་གཏོར་བས། ཉིན་དགུ་བཅུའི་ནང་རྒྱལ་དམངས་གྲོས་ཁང་འདེམ་བསྐོ་བྱེད་དགོས། མིག་སྔའི་བར་དུ་ཕཱ་ཁི་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་སྐབས་རྗེས་མའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་དུས་ཚོད་ཁྱབ་བསྒྲགས་བྱས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།