ཧྥ་རན་སིའི་དམངས་སྲོལ་མགྲོན་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ་ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར།
2023.08.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཧྥ་རན་སིའི་བྱང་ཤར་ཕྱོགས་ཀྱི་ལའེ་དབྱིན་གོང་མ་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་ལ་སྣེ་ལེན་བྱེད་པའི་དམངས་སྲོལ་མགྲོན་ཁང་ཞིག་ལ་ཚེས་དགུ་ཉིན་གྱི་ཞོགས་པར་མེ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར།

ལའེ་དབྱིན་གོང་མ་ཞིང་ཆེན་སྲིད་གཞུང་གིས་ཉིན་དེར་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ཞིང་ཆེན་དེའི་ཝན་ཙེ་ནེ་མུའུ་གྲོང་ཁྱེར་གྱི་དམངས་སྲོལ་མགྲོན་ཁང་ཞིག་ལ་ཉིན་དེའི་ཞོགས་པའི་དུས་ཚོད་དྲུག་དང་སྐར་མ་སུམ་ཅུའི་སྟེང་མེ་སྐྱོན་བྱུང་བ་དང་། མེ་གསོད་མི་སྣས་མྱུར་མོར་འགུལ་སྐྱོད་སྤེལ་ནས་མེ་སྐྱོན་ལ་ཚོད་འཛིན་བྱས། གཞན་ཡང་ཉེན་རྟོག་ཕྱོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། མེ་སྐྱོན་བྱུང་སྐབས་དམངས་སྲོལ་མགྲོན་ཁང་ནང་དུ་བསྡོམས་པས་མི་ཉེར་བརྒྱད་ཡོད་པ་དང་། དེའི་ནང་མི་བཅུ་བདུན་བསྐྱབས། མི་དགུ་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་མི་གཉིས་གར་སོང་རྙེད་མེད་ཟེར།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། གར་སོང་མ་རྙེད་པའི་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། སྲོག་ཉེན་ལས་བསྐྱབས་པའི་མི་བཅུ་བདུན་གྱི་ཁྲོད་དུ་མི་གཅིག་ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད་ལ། སྨན་ཁང་དུ་བསྐྱལ་ཡོད་ཟེར།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་དགུ་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། མེ་སྐྱོན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོའི་ཁྱིམ་མི་དང་རྨས་མར་འཚམས་འདྲི་བྱས། ཧྥ་རན་སིའི་ཙུང་ལི་པའོ་ཨར་ནེ་ཉིན་དེའི་ཕྱི་དྲོར་མེ་སྐྱོན་བྱུང་སའི་ཡུལ་དངོས་སུ་འབྱོར་ནས་གནས་ཚུལ་རྒྱུས་ལོན་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།