ཁཱ་མེ་ལུང་བྱང་ཕྱོགས་ས་ཁུལ་དུ་འགྲུལ་སྐྱེལ་རླངས་འཁོར་གཅིག་ལོག་ནས་མི་དགུ་རྐྱེན་ལམ་དུ་ཤོར།
2023.08.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཁཱ་མེ་ལུང་བྱང་ཕྱོགས་ཀྱི་ཨ་ཏཱ་མཱ་ཝ་ས་ཁུལ་ཆེན་མོར་ཚེས་དགུ་ཉིན་གྱི་སྔ་དྲོར་འགྲུལ་སྐྱེལ་རླངས་འཁོར་གཅིག་ལོག་ནས་ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བཞིར་རྨས་ཕོག་ཟེར།

ཨ་ཏཱ་མཱ་ཝ་ས་ཁུལ་ཆེན་མོའི་མགོ་བ་པུའུ་ཁཱ་ཨར་གྱིས་དོན་རྐྱེན་བྱུང་སའི་ཡུལ་དངོས་ནས་གསར་འགྱུར་སྨྱན་བྱད་ལ་བཤད་རྒྱུར། རྒྱལ་ས་ཡཱ་ཝུན་ཏི་ནས་ལམ་དུ་ཆས་པའི་འདུག་སྟེགས་ང་དྲུག་ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་བྱང་སྣེ་ས་ཁུལ་ཆེན་མོའི་ལྟེ་གནས་གྲོང་ཁྱེར་མཱ་ལུའུ་ཨ་རུ་བགྲོད་བཞིན་ཡོད་པ་དང་། ཨ་ཏཱ་མཱ་ཝ་ས་ཁུལ་ཆེན་མོའི་ཐུར་ལམ་ཞིག་བརྒྱུད་སྐབས་ལོག་ནས་མི་དགུ་རྐྱེན་ལམ་དུ་ཤོར། དེའི་ནང་བྱིས་པ་ལྔ་ཡོད།

པུའུ་ཁཱ་ཨར་གྱིས་བཤད་རྒྱུར། དོན་རྐྱེན་དེའི་འབྱུང་རྐྱེན་ནི་ཐུར་ལམ་དུ་རླངས་འཁོར་གྱི་འགག་ཟྭར་སྐྱོན་བྱུང་བས་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།