ནེ་ཀྲི་རི་ཡཱའི་སྨྱན་བྱད་ཀྱིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ཀྱི་མཐོ་སྒང་མངའ་སྡེའི་སྡེ་བ་གཉིས་ལ་ཚེས་དགུ་ཉིན་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་ཟེར།
མཐོ་སྒང་མངའ་སྡེའི་དམངས་ཁྲོད་རྩ་འཛུགས་ཤིག་གི་འགན་ཁུར་བས་བཤད་རྒྱུར། ཚེས་དགུ་ཉིན་གྱི་ཞོགས་པར། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་སྔ་གཞུག་ཏུ་མངའ་སྡེ་དེའི་པཱ་ཨར་ཅིན་ལཱ་ཏིས་ས་ཁུལ་གྱི་སྡེ་བ་གཉིས་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག དྲག་ཆས་ཉེས་ཅན་གྱིས་ཁང་བ་མང་བོ་མེར་བཏང་བ་རེད་ཟེར།
མཐོ་སྒང་མངའ་སྡེ་རུ་བཅའ་སྡོད་བྱེད་པའི་ནེ་ཀྲི་རི་ཡཱའི་དྲག་ཆས་དམག་དཔུང་གིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། དྲག་ཆས་ཉེས་ཅན་དག་དམག་ཕྱོགས་ཀྱི་སྐོར་ཞིབ་ས་ཚིགས་ལ་གཞའ་ནས་སྡེ་བ་གཉིས་ལ་འཇབ་རྒོལ་བྱས་ནས་མི་སྣར་ཤི་རྨས་བཟོས་པ་རེད། ས་ཁུལ་དེར་བཀོད་སྒྲིག་བྱས་པའི་དྲག་ཆས་དམག་དཔུང་མྱུར་མོར་ཡུལ་དངོས་སུ་འབྱོར་ནས་འཇབ་རྒོལ་མཁན་མཐར་སྐྲོད་བཏང་བ་རེད།
ཉེ་བའི་ཟླ་ངོ་འགའི་རིང་ལ། ནེ་ཀྲི་རི་ཡཱའི་ས་ཁུལ་མང་བོར་བསྟུད་མར་དྲག་ཆས་འཇབ་རྒོལ་དང་བཙན་ཁྲིད་དོན་རྐྱེན་བྱུང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།