ཨེ་ཀྭ་ཏོར་གྱི་ཙུང་ཐུང་གིས་རྒྱལ་ཡོངས་ནས་བྲེལ་མྱུར་དོགས་ཟོན་མཐོར་འདེགས་བྱས་ནས་འདེམ་བསྐོའི་བྱ་འགུལ་དུས་ལྟར་སྤེལ་རྒྱུ་ཁྱབ་བསྒྲགས་བྱས།
2023.08.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཨེ་ཀྭ་ཏོར་གྱི་ཙུང་ཐུང་ལཱ་སོ་ཡིས་ཚེས་བཅུ་ཉིན་རྒྱལ་ཡོངས་ནས་དུས་ཡུན་ཉིན་དྲུག་ཅུའི་ནང་བྲེལ་མྱུར་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད། འདེམ་བསྐོའི་བྱ་འགུལ་ཆེན་མོ་དེ་ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་སྤེལ་རྒྱུའི་ཚུལ་བསྟན།

ཚེས་དགུ་ཉིན་གྱི་ཕྱི་དྲོར། ཨེ་ཀྭ་ཏོར་གྱི་ཙུང་ཐུང་གི་འདེམ་སྒུག་པ་པུས་ལེ་ཡཱ་ཝེ་སུན་ཞི་ཨོ་རྒྱལ་ས་ཅི་ཏའོ་བྱང་ངོས་ས་ཁུལ་ནས་འདུ་ཚོགས་ཤིག་ལ་ཞུགས་སྐབས་ལྐོག་གསོད་ཐེབས་པ་རེད།

ལཱ་སོ་ཡིས་དེའི་རྗེས་སུ་སྲིད་གཞུང་སྡེ་ཁག་གི་བྲེལ་མྱུར་གྲོས་ཚོགས་བསྡུས།

ལཱ་སོ་ཡིས་ཚེས་བཅུ་ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ་ཁྱབ་བསྒྲགས་བྱས་དོན། རྒྱལ་ཡོངས་ནས་ཉིན་གསུམ་ལ་མྱ་ངན་ཞུ་རྒྱུ་དང་། དུས་ཡུན་ཉིན་དྲུག་ཅུའི་བྲེལ་མྱུར་རྣམ་པར་གནས་རྒྱུ་ཡིན་ཟེར། ཁོས་བསྟན་དོན། པུས་ལེ་ཡཱ་ཝེ་སུན་ཞི་ཨོ་ལྐོག་གསོད་ཐེབས་པ་ནི་འཇིགས་སྐུལ་རིང་ལུགས་ཀྱི་ངོ་བོ་ལྡན་པའི་ཆབ་སྲིད་ནག་ཉེས་ཤིག་ཡིན་ཀྱང་། འདེམ་བསྐོའི་བྱ་འགུལ་མཚམས་འཇོག་མི་སྲིད་ཟེར། ཁོས་རྒྱལ་ཡོངས་ཁྱབ་ཁོངས་ནང་གི་དྲག་ཆས་དམག་དཔུང་དང་ཉེན་རྟོག་པ་སྐུལ་ནས་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། འདེམ་བསྐོའི་བྱ་འགུལ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་རྒྱུ་ཡིན། ཙུང་ཐུང་གི་འདེམ་སྒུག་མི་སྣ་གཞན་པ་བདུན་གྱིས་པུས་ལེ་ཡཱ་ཝེ་སིན་ཞི་ཨོ་ལ་དམིགས་པའི་དྲག་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་སྟེ། འདེམ་སྒུག་མི་སྣ་སྐོར་ཞིག་གིས་འདེམ་བསྐོའི་བྱ་འགུལ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཨེ་ཀྭ་ཏོར་ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་དྲུག་འཛིན་བཟུང་བྱས་པ་དང་། དོགས་ཡོད་མི་སྣ་གཅིག་ལ་འཁྲུག་རྩོད་ཁྲོད་བསད་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།