ཧེ་ཧྲན་གྱི་ཙུང་ཐུང་མུས་ལཱ་ཐའོ་ཝེ་ཆི་ཡིས་ཚེས་བཅུ་ཉིན་རྒྱལ་ས་པའོ་ཏི་ཀི་ལི་ཁྲ་ནས་ཡོ་རོབ་གླིང་གི་ད་ལྟ་ཞེས་པའི་ལས་འགུལ་ཏང་གི་མགོ་ཁྲིད་པ་སི་ཕཱ་དབྱེ་ཆི་ཡིས་ཙུང་ལིའི་འགན་ཁུར་བར་མིང་འདོན་བྱས།
ཧེ་ཧྲན་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་ནང་བཤད་རྒྱུར། མུས་ལཱ་ཐའོ་ཝེ་ཆི་ཡིས་གྲོས་ཁང་གི་ཏང་ཁག་སོ་སོའི་བར་གྲོས་མོལ་བྱས་རྗེས། མིང་འདོན་དེ་ཁྱབ་བསྒྲགས་བྱས་པ་རེད། སི་ཕཱ་དབྱེ་ཆི་ལ་གྲོས་ཁང་གི་གྲོས་མི་གྱ་གཅིག་ཁྲོད་ཀྱི་གྲོས་མི་ཞེ་བཞི་ཡི་རྒྱབ་སྐྱོར་ཐོབ་ཡོད་པ་དང་། དེར་མཁོ་བའི་ཕྱེད་གྲངས་ལས་བརྒལ་ཡོད་ཟེར།
ཧེ་ཧྲན་སྲིད་གཞུང་གི་དྲ་ཚིགས་ཀྱིས་ཁྱབ་བསྒྲགས་བྱས་པའི་བརྡ་འཕྲིན་ལས་མངོན་པ་ལྟར་ན། སི་ཕཱ་དབྱེ་ཆི་ནི་ཧེ་ཧྲན་བྱང་ཕྱོགས་ཀྱི་ཕུའུ་ལེ་ཧྥུའུ་ལེ་ཡཱ་གྲོང་ཁྱེར་དུ་སྐྱེས་པ་དང་། ད་ལྟ་ལོ་སོ་ལྔ་ཡིན་ལ། ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་བར་ཧེ་ཧྲན་ནོར་སྲིད་པུའུ་ཀྲང་གི་འགན་ཁུར་བ་རེད།
ཧེ་ཧྲན་གྱིས་ཟླ་དྲུག་པའི་ཚེས་བཅུ་ཅགིག་ཉིན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ཡོ་རོབ་གླིང་གི་ད་ལྟ་ཞེས་པའི་ལས་འགུལ་ཏང་དེ་གྲོས་ཁང་གི་ཆེས་ཆེ་བའི་ཏང་ཁག་ཏུ་གྱུར་ནས། གྲོས་མིའི་ལས་གནས་ཉེར་བཞི་ཐོབ་ཡོད། ཏང་ཁག་གང་རུང་ལ་ཕྱེད་གྲངས་ལས་བརྒལ་བའི་ལས་གནས་ཐོབ་མེད་པས་སྒེར་ཚུགས་ཀྱིས་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་ཐབས་མེད་ལ། ཡོ་རོབ་གླིང་གི་ད་ལྟ་ཞེས་པའི་འགུལ་སྐྱོད་ཏང་གིས་དམངས་གཙོ་ཧེ་ཧྲན་ཏང་དང་སྤྱི་ཚོགས་རིང་ལུགས་མི་དམངས་ཏང་། གྲངས་ཉུང་མི་རིགས་ཀྱི་ཏང་ཁག་འགའ་བཅས་ཀྱིས་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་རྒྱུ་རེད།
ཧེ་ཧྲན་གྱི་རྩ་ཁྲིམས་ལྟར་ན། སི་ཕཱ་དབྱེ་ཆི་ཡིས་མ་འོངས་པའི་ཉིན་དགུ་བཅུའི་ནང་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་དགོས་པར་མ་ཟད། གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་འཕེན་པ་དང་ལེན་བྱེད་དགོས།
བསོད་ནམས་ཚེ་རིང་གིས་བསྒྱུར།