མཱ་ལེ་ཞི་ཡཱའི་ཙུང་ལི་ཡིས་རྒྱལ་ཁབ་སོ་སོས་མཉམ་ལས་ལ་ཤུགས་སྣོན་བྱས་ནས་རྒྱལ་སྤྱིའི་འདྲ་མཉམ་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
2023.08.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བརྒྱད་པའི་ཚེས་བཅུ་ཉིན། མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར་ཅི་ལུང་ཕའོ་ནས་སྐབས་སོ་དྲུག་པའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་སྒོར་ཅོག་གླེང་སྟེགས་ལ་ཞུགས།

མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར་གྱིས་ཚེས་བཅུ་ཉིན་སྐབས་སོ་དྲུག་པའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་སྒོར་ཅོག་གླེང་སྟེགས་ལ་ཞུགས་སྐབས་བཤད་རྒྱུར། དཔལ་འབྱོར་བཀག་སྡོམ་དང་ཕྱིར་གཏོང་ཚད་བཀག་སོགས་ཀྱིས་འཛམ་གླིང་ཡོངས་ཀྱི་མཁོ་འདོན་མུ་རྒྱུན་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པར་མ་ཟད། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་སྤྱིའི་འཕེལ་ཕྱོགས་ཐད་ལའང་བཀག་རྒྱ་བཟོས་ཡོད། ངེས་གཏན་མེད་པའི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་འཛམ་གླིང་ཧྲིལ་བོ་ཁེངས་པའི་སྐབས་འདིར། རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་མཉམ་ལས་ལ་ཤུགས་སྣོན་བྱས་ནས་རྒྱལ་སྤྱིའི་འདྲ་མཉམ་ལ་སྐུལ་འདེད་གཏོང་དགོས་ཟེར།

ཨན་ཝ་ཨར་གྱིས་ནན་གྱིས་བསྟན་དོན། འགྲིག་མཐུན་མི་བྱེད་པའི་འདུ་ཤེས་དེ་གཞན་ལ་གནོད་ཅིང་རང་ལ་ཕན་པ་མེད་ལ། གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་སྲིད་པས། གནས་ཚུལ་དེ་འདྲའི་འོག་གི་རྒྱལ་ཁ་ནི་ཁེ་ལས་གྱོང་ཆེ་བར་མངོན་ཟེར། ཁོས་བསྟན་དོན། རྒྱལ་སྤྱིའི་སྒྲིག་ལམ་དེ་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག ཕན་ཚུན་བཟོད་སྒོམ་བཅས་ཀྱི་རྨང་གཞིའི་སྟེང་འཛུགས་དགོས་པ་དང་། རྒྱལ་སྤྱིའི་སྒྲིག་ལུགས་དེ་ཆབ་སྲིད་དང་རིག་གནས་ཐད་ནས་སྣ་མང་ཅན་ཡིན་དགོས་ལ། དཔལ་འབྱོར་ཐད་ནས་ཕན་ཚུན་འབྲེལ་བ་ཅན་ཡིན་དགོས།

ཨན་ཝ་ཨར་གྱིས་བཤད་རྒྱུར། ང་ཚོས་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པའི་རྒྱལ་སྤྱིའི་འབྲེལ་བ་དང་ས་ཁོངས་ཀྱི་སྒྲོམ་གཞི། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་རྐྱེན་སྲོལ་བཅས་ལ་ནུབ་ཕྱོགས་དཀྱིལ་སྙིང་དུ་འཛིན་པའི་ཁྱད་ཆོས་མངོན་གསལ་ལྡན་པ་ངོས་ཟིན་ཡོད་པ་དང་། སྣ་མང་ཅན་གྱི་འཛམ་གླིང་ཁྲོད་ལཱ་ཏེན་མེ་གླིང་དང་སཱ་ཧཱ་ལཱ་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁ་གླིང་། ཨེ་ཤ་ཡཱ་གླིང་གི་རྒྱལ་ཁབ་སོ་སོ། ཐ་ན་ཞི་བདེ་རྒྱ་མཚོ་ཆེན་མོ་ལྷོ་མའི་ས་ཁུལ་བཅས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཁོ་ཚོའི་ཐབས་ཇུས་དབང་ཆ་ཇེ་མང་དུ་གཏོང་དགོས་པའི་རེ་བ་འདོན་བཞིན་ཡོད་ཟེར།

ཨན་ཝ་ཨར་གྱིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་བདེ་འཇགས་ཀྱི་ཐུན་མོང་ལྟ་ཚུལ་ལས་ངེས་པར་དུ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལའང་བསམ་བློ་གཏོང་དགོས་ལ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་སྔར་ལས་ཆེ་བའི་འཐབ་ཇུས་རང་བདག་རང་བཞིན་མངོན་པར་བྱེད་ངེས་ཡིན་ཟེར།

ཨན་ཝ་ཨར་གྱིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དག་གིས་མཐུན་སྒྲིལ་ཤུགས་སྣོན་བྱས་ཏེ་འཛམ་གླིང་ཡོངས་སུ་ཇེ་མང་དུ་འགྲོ་བཞིན་པའི་ངེས་གཏན་མེད་པའི་རྒྱུ་རྐྱེན་སྣ་ཚོགས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་དེའི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ངེས་པར་དུ་འགྲན་རྩོད་ལ་གདོང་གཏོད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།