ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན། ཨུ་རུ་སིའི་ཟླ་བའི་གོ་ལ-25རྟགས་ཅན་གྱི་དཔྱད་ཞིབ་ཚད་འཇལ་ཆས་དེ་མནའ་འབྲེལ-2.1 bརྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་ཁུར་ནས་ཨུ་རུ་སིའི་ཡོན་ཏུང་ས་ཁུལ་གྱི་ཨ་མུའུ་ཨར་མངའ་སྡེའི་ཤར་ཕྱོགས་མཁའ་སྐྱོད་གཏོང་འཕེན་ར་བ་ནས་བར་སྣང་དུ་འཕུར།
ཨུ་རུ་སི་ཡིས་ཚེས་བཅུ་གཅིག་ཉིན་ཟླ་བའི་གོ་ལ-25རྟགས་ཅན་གྱི་ཟླ་བའི་གོ་ལའི་ཚད་འཇལ་ཆས་གཏོང་འཕེན་བྱས་ནས། སུའུ་ལེན་གྱི་དུས་སྐབས་ནས་བཟུང་ལོ་ངོ་ཞེ་བདུན་རིང་མཚམས་ཆད་པའི་ཟླ་བའི་གོ་ལའི་དཔྱད་ཞིབ་ཚད་འཇལ་ལས་འགན་སླར་གསོ་བྱས།
ཨུ་རུ་སིའི་རྒྱལ་ཁབ་མཁའ་སྐྱོད་སྡེ་ཚོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། མའོ་སི་ཁོའི་དུས་ཚོད་ཚེས་བཅུ་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་དང་སྐར་མ་བཅུའི་སྟེང་། ཨུ་རུ་སིའི་ཟླ་བའི་གོ་ལ-25རྟགས་ཅན་གྱི་དཔྱད་ཞིབ་ཚད་འཇལ་ཆས་དེ་མནའ་འབྲེལ-2.1 bརྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་ཁུར་ནས་ཨུ་རུ་སིའི་ཡོན་ཏུང་ས་ཁུལ་གྱི་ཨ་མུའུ་ཨར་མངའ་སྡེའི་ཤར་ཕྱོགས་མཁའ་སྐྱོད་གཏོང་འཕེན་ར་བ་ནས་བར་སྣང་དུ་འཕུར། དུས་ཚོད་གཅིག་ཙམ་གྱི་རྗེས་སུ། དཔྱད་ཞིབ་ཚད་འཇལ་ཆས་དང་མེ་ཤུགས་འཕུར་མདའ་ཁ་ཁར་གྱེས་ནས་ཟླ་བའི་གོ་ལར་འཕུར་བ་རེད།
ཚོད་དཔག་བྱས་ན་ཟླ་བའི་གོ་ལ-25རྟགས་ཅན་གྱི་དཔྱད་ཞིབ་ཚད་འཇལ་ཆས་དེ་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ཟླ་བའི་གོ་ལ་དང་བར་ཐག་སྤྱི་ལེ་བརྒྱ་ཡོད་པའི་ཟླ་བའི་གོ་ལའི་རྒྱུ་ལམ་དུ་ཞུགས་རྒྱུ་ཡིན་པ་དང་། ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་ཟླ་བའི་གོ་ལའི་ལྷོ་སྣེ་ཡི་པའོ་ཀུའུ་སི་ལཱ་ཧྥུའུ་སི་ཅི་སྐར་རྡོའི་རྗེས་ཤུལ་ཡོད་སའི་ཉེ་འདབས་སུ་འབབ་རྒྱུ་རེད། གལ་ཏེ་ལེགས་འགྲུབ་བྱུང་ན། ཟླ་བའི་གོ་ལ-25རྟགས་ཅན་གྱི་དཔྱད་ཞིབ་ཚད་འཇལ་ཆས་དེ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཟླ་བའི་གོ་ལའི་ལྷོ་སྣེ་སུ་བབས་པའི་དཔྱད་ཞིབ་ཚད་འཇལ་ཆས་ཐོག་མར་འགྱུར་སྲིད།
ཟླ་བའི་གོ་ལ-25རྟགས་ཅན་གྱི་དཔྱད་ཞིབ་ཚད་འཇལ་ཆས་དེའི་ཆེ་ཆུང་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཙམ་ཡིན་ལ། ཕྱིར་ལོག་པའི་འཕྲུལ་ཆས་མེད། མཚམས་སྦྱོར་བྱས་པ་ལྟར་ན། ལས་གཞི་དེའི་ལས་འགན་གཙོ་བོ་ནི་ཟླ་བའི་གོ་ལའི་སྟེང་འབབ་པའི་ལག་རྩལ་ལེགས་བཅོས་བྱེད་པ་དང་། ཟླ་བའི་གོ་ལའི་ནང་གི་གྲུབ་ཚུལ་དང་ས་རྒྱུ། ཆུའི་ཐོན་ཁུངས། གློག་ཁབ་ལེན་འཕྲོ་འགྱེད་ལས་ཟླ་བའི་གོ་ལར་ཐེབས་པའི་ཤུགས་རྐྱེན་སོགས་ལ་ཞིབ་འཇུག་བྱེད་རྒྱུ་དེ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།