ཞཱ་ཝེ་ཡེ་རུ་རི་མགོའི་མེ་སྐྱོན་བྱུང་སྟེ་མི་ང་གསུམ་རྐྱེན་ལམ་དུ་ཤོར།
2023.08.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཨ་མེ་རི་ཁའི་ཞཱ་ཝེ་ཡེ་མངའ་སྡེའི་མའོ་དབྱེ་རྫོང་གིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། ཉིན་དེར་རྒུད་སྐྱོབ་མི་སྣས་ཡང་བསྐྱར་མེ་སྐྱོན་བྱུང་སའི་ཡུལ་དངོས་ནས་བེམ་པོ་བཅུ་བདུན་རྙེད་པ་དང་། དེའི་ཁར་ཚེས་དགུ་ཉིན་རྙེད་པའི་བེམ་པོ་སོ་དྲུག་བསྣན་ན། མེ་སྐྱོན་དེ་ལས་ཉུང་མཐར་ཡང་མི་ང་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཞཱ་ཝེ་ཡེ་བྲེལ་མྱུར་ལས་དོན་དོ་དམ་སྡེ་ཁག་གིས་བསྒྲགས་པ་ལྟར་ན། རི་མགོའི་མེ་སྐྱོན་དེ་ཚེས་བརྒྱད་ཉིན་ནས་མགོ་བརྩམས་པ་དང་། དྲག་རླུང་དང་ཁོར་ཡུག་ཐན་སྐམ་ཆེ་བའི་ཤུགར་ཀྱེན་དབང་གིས་མྱུར་མོར་མཆེད་དེ། མའོ་དབྱེ་གླིང་ཕྲན་གྱི་མི་ཁྲི་གསུམ་དང་སྟོང་ལྔ་ལྷག་དང་། ས་དེའི་སྡོད་ཁང་དང་ཚོང་ཁང་། རྨང་གཞིའི་སྒྲིག་ཆས་བཅས་ལ་འཇིགས་ཉེན་ཐེབས་ཡོད་ལ། མེ་སྐྱོན་བྱུང་སའི་རྒྱ་ཁྱོན་ཀུང་ཆིང་བརྒྱད་བརྒྱ་ལས་བརྒལ་ཡོད་ཟེར།

དེའི་ནང་མའོ་དབྱེ་གླིང་ཕྲན་གྱི་མིང་དུ་གྲགས་པའི་གནས་སྐོར་མཁར་གྲོང་ལཱ་ཧེ་ནཱ་རུ་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེན་རེད། གསར་འགོད་པའི་བརྙན་མིག་ལས་མཐོང་བ་ལྟར་ན། མཁར་གྲོང་ཧྲིལ་བོར་མཚོ་འགྲམ་གྱི་ཐོག་ཁང་གཅིག་ལས་གཞན་ཕལ་ཆེར་ཚང་མ་མེ་སྐྱོན་གྱིས་བརླག་ཡོད། ས་དེའི་སྡོད་དམངས་ཀྱིས་བཤད་རྒྱུར། རི་མགོའི་མེ་སྐྱོན་མྱུར་མོར་མཆེད་པ་ལས་སྣུམ་སྣོན་ས་ཚིགས་དང་མཚོ་འགྲམ་གྱི་གྲུ་གཟིངས་སོགས་ལ་འགས་གཏོར་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་ཡོད་ཟེར།

ཞཱ་ཝེ་ཡེ་མངའ་སྡེའི་མགོ་བ་ཀི་ལིན་གྱིས་ཚེས་བཅུ་ཉིན་གྱི་སྔ་དྲོར་སྤྱི་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་མངའ་སྡེ་དེར་མེ་སྐྱོན་གནོད་འཚེ་ཚབས་ཆེན་བྱུང་བ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཕྲན་མཉམ་འབྲེལ་གྱིས་རོགས་སྐྱོར་བྱེད་པར་ཆོག་མཆན་བཀོད་ཡོད་ཟེར།

གཞན་ཡང་ཨ་མེ་རི་ཁའི་ཞཱ་ཝེ་ཡེ་མངའ་སྡེའི་མའོ་དབྱེ་རྫོང་གིས་ཚེས་བཅུ་གཅིག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་ཡང་མི་བཅུ་གཉིས་མེ་སྐྱོན་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། ས་དེའི་ཉིན་གུང་གི་དུས་ཚོད་གཅིག་བར་དུ། རི་མགོའི་མེ་སྐྱོན་དེ་ལས་ཉུང་མཐར་ཡང་མི་རེ་བདུན་རྐྱེན་ལམ་དུ་ཤོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།