སི་རི་ཡཱའི་དམག་བཀོལ་འགྲུལ་སྐྱེལ་རླངས་འཁོར་ཞིག་འཇབ་རྒོལ་ཐེབས་ཏེ་དམག་མི་མང་བོར་ཤི་རྨས་བཟོས།
2023.08.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། དམག་བཀོལ་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཚེས་བཅུ་ཉིན་གྱི་དགོང་མོར་སི་རི་ཡཱའི་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་དུ་འཇབ་རྒོལ་ཐེབས་ནས། སི་རི་ཡཱའི་དམག་མི་མང་བོར་ཤི་རྨས་ཐེབས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དམག་བཀོལ་འགྲུལ་སྐྱེལ་རླངས་འཁོར་དེ་ལ་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་ཀྱི་བྱེ་ཐང་ས་ཁུལ་ནས་འཇིགས་སྐུལ་ཉེས་ཅན་སྐོར་ཞིག་གི་འཇབ་རྒོལ་ཐེབས་པ་རེད་ཟེར། གསལ་སྒྲོག་ལས་བྱེ་བྲག་ཏུ་མི་སྣ་ག་ཚོད་ལ་ཤི་རྨས་ཐེབས་པ་གསལ་བོར་བཤད་མེད།

གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་བྱེ་ཐང་ས་ཁུལ་ནས་དམག་བཀོལ་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་འཇབ་རྒོལ་བྱས་ཏེ། སི་རི་ཡཱའི་དམག་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུར་རྨས་ཕོག་ཡོད་ཟེར། རྨས་མ་སྐོར་ཞིག་གི་རྨས་སྐྱོན་ཚབས་ཆེན་ཡིན་པས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།